2009年6月29日星期一

ལ་མོ་ཕར་རྒྱབ་ཚུར་རྒྱབ། ལས་ཀ་རྒྱལ་གཅེས་ཆོས་གཅེས།

ལ་མོ་ཕར་རྒྱབ་ཚུར་རྒྱབ། ལས་ཀ་རྒྱལ་གཅེས་ཆོས་གཅེས། (ཚན་པ་དང་པོ།)
ཚིག་གནད་འཇུག་སྒོ

ལ་ཕར་རྒྱབ་གྱི་ཆེད་སྤྱོད་ཐ་སྙད(དར་ཆ་གསལ་སྟོན། མདུང་རྩེ་ཁ་སྤྲོད། རང་འགུལ་བཅོས་སྐྱོང༌། སེམས་ཐག་གཙང་བཅད། རྨང་རྩ་གཉིས་ལྡན)
ལ་ཚུར་རྒྱབ་གྱི་ཆེད་སྤྱོད་ཐ་སྙད(རྒྱ་འདྲེ་ཁོག་ཞུགས། དམ་ཉམས་སྲེག་སྤྱོར། སྐྱེས་འཆི་ཐེངས་གཅིག རྒྱ་མིའི་སོ་བ། ཆོས་སྲིད་གཉིས་ཕན)
ལ་ཕར་རྒྱབ་གྱི་ལས་འགུལ་ངོ་བོ (ཆོས་ལུགས་སྟོབས་ཤུགས་ལ་བརྟེན་ནས་ཏང་གི་སྲིད་དབང་གཡོ་འཕྲོག་བྱེད་མཁན། ཆོས་ལུགས་བྱེད་སྒོར་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་དབྱེན་སྦྱོར་བྱེད་མཁན། ཀྲུང་རྒོལ་སྟོབས་ཤུགས་ལ་ངན་འབྲེལ་གྱིས་མི་རིགས་ཁ་བྲལ་དང༌། མེས་རྒྱལ་གོང་བུ་གཅིག་གྱུར་ལ་གཏོར་བཤིག་གཏོང་མཁན་་) ཏཱ་ལ་དང་ཏཱ་ལ་རྒྱུག་ཁྱི་རྣམས་རྩ་མེད་གཏོང་ཆེད་ཡིན།
ལ་ཚུར་རྒྱབ་གྱི་ལས་འགུལ་ངོ་བོ( རྒྱ་གཞུང་གི་སྟོབས་ཤུགས་རྒྱབ་ལ་ཤེར་ནས་དགའ་ལྡན་ཕོ་བྲང་པའི་སྲིད་དབང་གཡོ་འཕྲོག་བྱེད་མཁན། ཆོས་དད་རང་མོས་དང་གྲུབ་མཐའ་བསྲེ་མེད་ཁ་ལ་ཁྱེར་ནས་ཆོས་རྒྱུད་བར་དབྱེན་སྦྱོར་བྱེད་མཁན། མི་ངན་དང་དམ་སྲི་་ལག་འབྲེལ་གྱིས་གཞུང་དམངས་ཁ་བྲལ་དང༌། ྋགོང་ས་མཆོག་གི་སྐུ་ཕྱྭར་མ་རུང་ཁོག་བཅུག་བྱེད་མཁན་་་་་)ལྷ་ངན་ཤུགས་ལྡན་དང་དེ་ཉིད་བརྟེན་གསོལ་བྱེད་མཁན་རྣམས་གཙང་གཤེར་བྱེད་རྒྱུའི་ཆེད་ཡིན།
ལ་ཕར་རྒྱབ་ཀྱི་ལས་འགུལ་རྣམས་གྲངས (་་ཏཱ་ལའི་ཡིས་བསྟེན་གསོལ་བྱེད་སའི་ལྷ་སྐུར་མཇལ་མི་ཆོག་པ། ཏཱ་ལའི་ཡིས་སྲམ་སྤག་སོགས་མ་གོན་ལབ་ན་བཙན་དབང་གིས་གོན་འཇུག་རྒྱུ། ཏཱ་ལའི་ཡིས་ངོས་འཛིན་བྱས་པའི་བླ་སྤྲུལ་རྩིས་མེད་བཏང་ནས་ཏང་གིས་ཚབ་བསྐོ་བ། ཏཱ་ལར་དད་འདུན་ཅན་གྱི་ལས་སྣེ་བ་གནས་དབྱུང་གཏོང་པ། ཐ་ན་ཏཱ་ལའི་སྐུ་པར་ཡན་ཉར་མི་ཆོག་པར་ཚབ་ལ་ལྷ་འདྲེ་གཞན་པ་བཤམས་དགོས་པ་་་་)
ལ་ཚུར་རྒྱབ་གྱི་ལས་འགུལ་རྣམས་གྲངས (་་་ཤུགས་ལྡན་བསྟེན་ནྋགོང་ས་མཆོག་གི་དྲུང་དུ་ཆོས་ཞུ་མི་ཆོག་པ། ཤུགས་ལྡན་བསྟེན་མཁན་དང་མི་བསྟཻན་མཁན་བར་ཆོས་དང་ཟིང་ཟིང་གི་འབྲེལ་བ་མི་བྱེད་པ། དགོན་སྡེ་ཁག་གི་ནང་ཤུག་ལྡན་བསྟེན་གསོལ་བྱེད་མཁན་ཚོའི་རྗེས་ལ་དགུ་ཟློག་བརྒྱབ་ནས་འཕུད་པ། ཐ་ན་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཚོ་རྒྱ་གར་སྐོར་སྲུང་བ་དང་ལག་འབྲེལ་གྱིས་ཕར་སློག་པ་་་)


གླེང་གཞི།

རྒྱ་གཞུང་གིས་ལོ་རབས་དགུ་བཅུ་བའི་དུས་དཀྱིལ་ནས་བོད་རྒྱུད་གྲྭ་བཙུན་རྣམས་ཀྱི་བྱ་སྤྱོད་སྤྱི་ཚོགས་རིང་ལུགས་དང(འཚམ་མཐུན)མེད་རབས་བསྙད་བཏགས་པ་དང་བསྟུན། རྒྱལ་གཅེས་ཆོས་གཅེསཟེར་བའི་བརྡ་ཆད་འདི་གསར་བཟོ་བྱས། དེ་ནས་བཟུང་མིང་བྱང་དེའི་འོག་རྒྱ་གཞུང་གིས་གྲྭ་བཙུན་རྣམས྄་ཀྱི་བྱ་སྤྱོད་སྤྱི་ཚོགས་རིང་ལུགས་དང་འཚམ་མཐུན་བཟོས་ཤིང༌། ད་ལོ་བོད་ནང་དོན་རྐྱེན་བྱུང་བ་ནས་སྐྱ་སེར་ཕོ་མོ་མེད་པར་ལས་འགུལ་དེའི་ནང་བཙན་དབང་གིས་ཞུགས་དགོས་བྱུང་ཡོད། ཡང་དུས་རབས་འདིའི་སྲིད་སྐྱོང་གཞུང་ལུགས་ཀྱི་ངོས་ནས་བཤད་ན། རྒྱལ་ཁབ་མི་མང་གི་ཆེད་དུ་བཙུགས་པ་ལས། མི་མང་རྒྱལ་ཁབ་ཆེད་དུ་འཚོ་དགོས་པ་མིན་སྟབས། གཞུང་ཞིག་གིས་མང་ཚོགས་ལ་རྒྱལ་གཅེས་ལས་འགུལ་སྤེལ་ན་གཞི་རྩའི་ལོག་སྤྱོད་པར་ངེས་འཛིན་བྱེད། འདི་ག་བཙན་བྱོལ་སྤྱི་ཚོགས་ནང་དུའང་ལྷ་ཤུགས་ལྡན་ཟེར་བ་བསྟེན་ཆོག་མིན་ལས་འཕྲོས་པའི་ལས་འགུལ་དེ་མཚུངས་ཤིག་ལོ་ཤས་གོང་ནས་སྤེལ་ཡོད་ལ། བོད་གཞུང་གི་ལས་འགུལ་འདི་ཚིག་ངོས་རྐྱང་བ་ནས་འགྲེལ་ན་ཆོས་གཅེས་རྒྱལ་གཅེས་ཞེས་འབོད་དགོས་པར་སྣང་ཡང༌། ལས་འགུལ་འདི་གཉིས་ཀྱི་ལོག་སྤྱོད་རང་བཞིན་ལ་ཧེ་བག་སྤུ་ཙམ་མེད། ད་ལོ་བོད་ནས་རྐྱེན་ངན་བྱུང་བའི་ཞོར་ལ་འདི་གར་གཞུང་འབྲེལ་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ཁ་རུབ་བརྒྱབ་ནས་དམ་ཉམས་ལ་ཕར་རྒོལ། དམ་ཉམས་དཔུང་གི་ཚུར་རྒོལ་ཚ་ཐག་ཆོད་འགྲོ་བསྡད་ཡོད་ལ། བྱ་བ་དེའི་འབྲས་བུར་ད་ཆྋགོང་ས་མཆོག་ཁྲིམས་སྒོར་ཕེབས་དགོས་མིན་ཚད་ལ་བསྐྱལ་ཡོད། གཞན་ཡང་ལ་ཕར་ཕྱོགས་ཀྱི་བརྒྱུད་ལམ་ཁག་ནས་ཏཱ་ལའི་བླ་མ་སོགས་ཡིག་འབྲི་འགའ་ལ་བཀག་རྒྱ་ཡོད་པ་ལྟར། འདི་གར་ཡང་ཤུགས་ལྡན་ལབ་ན་མི་རྣམས་འཚེར་སྣང་སྐྱེས་བའམ། སུན་སྣང་སྐྱེས་ནས་ལྷ་དེའི་མིང་ཐད་གར་འབོད་མི་ཕོད་པར(ཀྲོ་པཱེ་བ་ལ)ཞེས་སུ་གསོལ།

ལ་ཕར་རྒྱབ་གྱི་ལས་འགུལ།

རྒྱ་གཞུང་བོད་ནང་ཐོག་མར་འཛུལ་སྐབས། ང་ཚོའི་བླ་དཔོན་རྣམ་གྱི་ཁྲོད(མཐོ་རིམ་རྒྱལ་གཅེས་མི་སྣ)དང་(མཐོ་རིམ་ལོག་སྤྱོད་མི་སྣ )གཉིས་སུ་བགར་ཡོད་ལ། དང་ཐོག་ྋགོང་ས་མཆོག་ཀྱང་མཐོ་རིམ་རྒྱལ་གཅེས་མི་སྣའི་གྲས་སུ་ཞི་འགུག་བྱེད་རྩིས་ཀྱིས། མིང་ཡོད་དོན་སྟོང་གི་གོ་གནས་མང་པོ་ཞིག་བསྩལ་ཡོད་པ་དང༌། དངོས་སུ་ཞི་འགུག་བྱས་ཟིན་པའི་རྒྱལ་གཅེས་མི་སྣའི་གྲས་སུ(པན་ཆེན་རིན་པོ་ཆེ་དང༌། དགེ་བཤེས་ཤེས་རབ་རྒྱ་མཚོ། འཕགས་པ་ལྷ་་་་་)སོགས་མང་པོ་ཡོད། སྐབས་དེའི་རྒྱལ་གཅེས་མི་སྣ་རྣམས་ལ་དེང་གི་ཤུགས་ལྡན་བསྟཻན་མཁན་གྱི་མགོ་བ་ཚོ་ནང་བཞིན་ཏང་གི་བློས་ཐུབ་གྲོགས་པོ་ཤ་སྟག་ཡིན་མོད། རྒྱ་གཞུང་ལ་མཚོན་ན་རིགས་རྒྱུད་ངན་པ་ཞིག་དང་མངའ་བདག་གི་ངོ་ཚབ་ཞིག་ཡིན་ཕྱིན་སེམས་བསམ་པའི་གཏིང་ནས་བློས་འཁེལ་མི་བྱེད་པ་གཞིར་བྱས། ནམ་ཞིག་དུས་ལ་བབས་པའི་ཚེ་རྒྱལ་གཅེས་མི་སྣ་དེ་ཚོའང་ཏག་ཏག་བཟོ་དགོས་སྟབས། ཟུར་གཞན་ཞིག་ནས་ཡར་ལངས་ཞིང་བྲན་ཤོག་ཁག་གསོ་སྐྱོང་བྱས་ཤིང༌། ཁོ་ཚོས་ཞིང་བྲན་ཚོར་སོ་སོའི་མགོ་ཐོག་གི (རི་བོ་ཆེན་པོ་གསུམ) རྩ་རྫོགས་བྱ་ཐུབ་ན། གཞི་ནས(རང་ཁྱིམ་རང་བདག)གོ་སྐལ་ཡོད་ལུགས་དཀྲོགས། ཆབ་སྲིད་རྩེད་མོར་གོམས་འགྲིས་མེད་པའི་ཞིང་བྲན་ཤོག་ཁས་དེ་ལྟར་ཡིན་ཤག་གིས། རྙིང་བཞི་རྩ་གཏོར་བྱེད་ཞོར་གོང་གི་རྒྱལ་གཅེས་མི་སྣ་དང་ལོག་སྤྱོད་མི་སྣ་ཡོད་ཚད་དཀར་ནག་མེད་པར་རྩ་མེད་བཏང་ཟིན་ཡང༌། ཁོ་ཚོར་རང་ཁྱིམ་རང་བདག་གི་སྐལ་བ་ཐོབ་རྒྱུ་ད་དུང་ཕ་རིའི་སྤང་རྒྱན་ཡིན་དོན་ཅི་ཡིན། སྐབས་དེར་གྲལ་རིམ་དགྲ་བོ་ཕམ་ཉེས་བཏངས་ཟིན་མོད། སླར་ཡང་འབྱོར་མེད་ནང་ཁུལ་ནས (བརྒྱད་གཅིག་བརྒྱད་) དང་(དམར་སྲུང་དམག) སོགས་རུས་ཚན་གསར་བའི་དབར་ནང་འཁྲུགས་བྱུང་བ་དང༌། ཞིང་བྲན་ཚང་ལ་དེ་ལྟར་བཀྲ་མི་ཤེས་ཆག་སྒོ་བྱུང་པའི་ཁ་ཐུག་དེར། པེ་ཅིན་མཁར་ནས་ཁོ་ཚོར་ཁྱིམ་བདག་གསར་བ་དམིགས་འཛུགས་བྱས་ཤིང༌། དེ་ནས་བཟུང་ཡར་ལངས་ཞིང་བྲན་རྣམས་ཁྱིམ་བདག་རྒྱུས་མེད་ཅིག་གི་ལག་འོག་ཏུ་བྲན་གཡོག་གསར་བ་ཆགས།
མཐར་རྒྱ་མིའི་གསར་བརྗེ་ཕམ་པ་དང་གནམ་འོག་ཧྲིལ་བོ་ཁ་ཆག་སྣ་རལ་དུ་གྱུར་ཏེ། མིས་མི་ཤ་ཟ་དགོས་པའི་ཚད་ཡིན། སྐབས་དེ་ཤེད་ཅིག་ལ་ཏིང་ཞོ་ཕང་གིས [བྱི་ལ་དཀར་ནག་མི་གཙོ་་་་ཙི་ཙི་ཟིན་ན་འགྲིག ] པའི་ལྟ་གྲུབ་གྱི་བློ་སྒོ་ཕྱེ་ཤིང༌། དུས་འགྱུར་དེ་ལྟར་བྱུང་བའི་དབང་གིས་ང་ཚོའི་རྒྱལ་གཅེས་མི་སྣ་དང༌། མཐོ་རིམ་ལོག་སྤྱོད་མི་སྣའི་གྲས་ཀྱི་ཤི་འཕྲོ་ཡ་འཕྲོ་འགའ་ཡོད་དེ་ཚོ་ཙི་ཙི་ནང་བཞིན་དུང་ནང་ནས་ས་ཁར་འབུད་རྒྱུ་བྱུང་ཞིང༌། ཏང་གི་བློ་མཐུན་གྱི་གར་སྟེགས་ཐོབ་པ་མ་ཟད། ལྷ་བབས་འདྲེ་མཐོང་གི་ཆོ་ག་སྤེལ་རྒྱུར་ཡང་རེ་ཞིག་བཀག་འགོག་མེད་པར་གྱུར། འཇིག་རྟེན་བྱ་བར་མ་གཞི་ནས་གོ་རིམ་མེད་སྟབས། ཞིང་བྲན་ཚོས་གློད་གྲོལ་ཐོབ་མ་ཐག་པའི་མངའ་བདག་ངོ་ཚབ་རྣམས་པར་སླར་ཡང་མགོ་འབུལ་ལུས་འབུལ་བྱས་ཤིང༌། རིམ་པས་གྱོད་སྣ་ཁ་མཆུ་ཡན་ཆད་ས་གནས་གཞུང་ལ་མི་གཏུགས་པར་དགོན་པར་ཞུ་འབུལ་བྱེད་པ་དང༌། གོང་མ་ཚང་གི་དཔོན་རིགས་ཚོ་མཐོང་ན་མ་མཐོང་མདོག་མདོག རང་གི་དེ་སྔའི་མངའ་བདག་གི་ངོ་ཚབ་རྣམས་དང་བླ་སྤྲུལ་ཚོར་གདུགས་རྟ་དར་ཁྱེར་ནས་བསུ་བ་བྱེད་ལ། ཐ་ན་ཕྲུ་གུ་ཡན་ཆད་རྒྱ་གཞུང་གི་སློབ་གྲྭར་མི་གཏོང་པར་དགོན་པར་སྐྱེལ་བའམ། ཚུར་རྒྱ་གར་ལ་གཏོང་གང་ཐུབ་བྱེད།
གནས་སྟངས་དེ་ནི (ཏང་གི་གཞི་རིམ་རྩ་འཛུགསལ) ཉེན་ཁ་ཆེན་པོ་ཞིག་ཅི་ལ་མིན། སོང་ཙང་རྒྱ་གཞུང་གིས་ཆོས་སྡེ་ཁག་ནང་ལག་པ་འགྱོག་རྒྱུའི་སྒྲུབ་བྱེད་བཙལ་ནས། དཔེར་ན[ དགོན་སྡེ་ཁག་ཅིག་ཏཱ་ལའི་རུ་ཚོགས་དང་དགྲ་འཛིན་སྟོབས་ཤུགས་ཀྱི་ཁ་སྒྱུར་ཐེབས་པར་བརྟེན། སྨྱོ་ཧམ་ཆེན་པོས་ཁ་བྲལ་གཏོར་བཤིག་གི་བྱ་སྤྱོདསྤེལ་པ། དགོན་སྡེ་ཁ་ཤས་ཀྱིས་གཞི་རིམ་སྲིད་དབང་ལ་ཐེ་བྱུས་བྱེད་པ་དང༌། ཁྲིམས་འགལ་གྱིས་བླ་སྤྲུལ་ངོས་འཛིན་བྱས་པ། གྲྭ་བཙུན་མི་ཉུང་བ་ཞིག་ལ་རྙིང་ཞེན་ཟབ་པོ་ཡོད་སྟབས། བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འོག་དགོན་པར་ཡོད་པའི་དམིགས་བསལ་དབང་ཆར་ད་དུང་ཞེན་ཆགས་བྱེད་པ། ས་ཁུལ་ལ་ལར་དགོན་པ་གང་བྱུང་འདེབས་པ་དང་གྲྭ་བཙུན་བསྡུ་ཚད་འབྲེལ་ཡོད་གཏན་འབབ་ལས་བརྒལ། དགོན་སྡེ་ལ་ལར་དམངས་གཙོའི་འགྲོ་ལུགས་ལྟར་རྩིས་ཁྲ་ཡོངས་བསྒྲགས་མེད] ཟེར་བ་སོགས་ཉེས་མིང་སྣ་ཚོགས་འོག ཆོས་པ་ཚོའི་ལག་གི་ཆབ་སྲིད་དབང་ཆ་ཕྱིར་བསྡུ་བྱས་པ་མ་ཟད། ཐ་ན་རང་གི་དགོན་པ་དོ་དམ་བྱེད་པས་དབང་ཆའང་ལག་ནས་འཕྲོག་ཏེ། གཞུང་གིས་དམིགས་འཛུགས་བྱས་པའི་ཨུ་ཡོན་ལྷན་ཁང་དག་གི་ལག་པར་རྩིས་སྤྲད། དེ་ཙམ་ཀྱིས་ད་དུང་ཏང་ཀྲུང་དབྱང་གི་བློ་ཁ་མ་ཚིམ་པར། བླ་མས་བླ་མ་འདུལ་རྒྱུ་དང་སྲུང་མས་སྲུང་མ་གཅུན་རྒྱུའི་འཐབ་བྱུས་གསར་བ་ཞིག་བཀོད་སྒྲིག་བྱེད་ཀྱིན་ཡོད་ལ། ལས་འགུལ་དེའི་ཁྲོད་ནས( པན་ཆེན་སྐུ་་གོང་མ་དང་ བྱ་བྲལ་རིན་པོ་ཆེ པན་ཆེན་ཆུང་སྲིད མཁན་ཆེན་འཇིག་མེད་ཕུན་ཚོགས སྤྲུུལ་སྐུ་བསྟན་འཛིན་བདེ་ལེགས་་་་་་) སོགས་ལ་ནག་ཁུང་ནང་དུ་གྱོང་རག་པ་དང༌། སྟབས་ཡག་ནསསྐུ་ཕྱོགས་ཤིང་བཟའ་ཚང་དང༌། རྒྱལ་བ་ཀརྨ་པ། སྐུ་ཕྱོགས་ཨ་ཀྱཱ་ཚང༌། སོགས་བྲོས་ནས་ཐར་ཙམ་བྱུང་ཡོད། ད་ལྟའི་ཆར་བོད་ནང་ྋགོང་ས་མཆོག་དང་གུ་རུ་རིན་པོ་ཆེའི་འདྲ་སྐུ་གཏོར་ཏེ། ཤུགས་ལྡན་དེའི་ཚབ་ལ་བཤམས་ན་རྒྱལ་གཅེས་ཆོས་གཅེས་མི་སྣའི་ཆོ་ལོ་རག་གི་ཡོད།

ལ་ཚུར་རྒྱབ་གྱི་ལས་འགུལ།

ལ་ཚུར་རྒྱབ་གྱི་ལས་འགུལ་འདི་ཤུགས་ལྡན་ལྷ་སྒྲུང་ནས་མགོ་བསླང་སྟེ། ཤུགས་ལྡན་དང་ྋགོང་ས་མཆོག་དབར་གྱི་འགལ་འབྲེལ། མཐར་ཤུགས་ལྡན་ལྷ་རྒྱ་དགའ་མ་ཞིག་ཆགས་གྲབས་ཡོད་པ་སོགས་རིམ་པ་གསུམ་ལ་དབྱེས་དགོས་ཤིང༌། འཕེལ་རིམ་དེར་བལྟས་ན་ཤུགས་ལྡན་རྩོད་རྙོག་ཁྲོད་རྩོད་གཞི་དངོས་དང་ཤུགས་ལྡན་གཉིས་ཁ་དང་ཁ་སྤུ་སོ་སོ་ཆགས་ཡོད། ཤུགས་ལྡན་འདི་སྐབས་རེ་གྲུབ་མཐའ་ཕན་ཚུན་བསྲེ་སླད་ཆོག་མིན་རྩོད་མཁན་ཚོའི་ལག་ཆ་ཡིན་ལ། བར་ལམ་ཞིག་ནས་སྲུང་མ་དམར་ནག་གཉིས་དང་ཨབ་སྲས་འཁྱམས་པའི་(ཤུགས་ལྡན་གྱི་མིང་གཞན)བར་དགེ་ལུགས་ཚང་གི་དཀོར་བདག་རྩོད་ཀྱི་ཡོད་པའི་བཟོ་འདྲ་བོ། ད་ཆ་རྒྱ་བོད་བར་གྱི་ཆབ་སྲིད་འགལ་བའི་ནང་ཤུགས་ལྡན་འཚང་ས་ཞིག་ཡོད་སྐད་བརྗོད།
ཐོག་མར་ཤུགས་ལྡན་ལས་འཕྲོས་པའི་གནའ་གཏམ་བཤད་ན། བོད་ཀྱི་ལྷ་སྒྲུང་ནང་ཤུགས་ལྡན་བྱུང་ནས་ལོ་སུམ་བརྒྱ་ལྷག་ཕྱིན་པའི་རིང་ལ། འདྲེ་འདི་ལྷ་སྲུང་ཞིག་ཡིན་པའི་བཤད་ཚུལ་ཡོད་པ་ལྟར། རྒྱལ་འགོང་དམ་སྲི་ཞིག་ཡིན་པའི་ཁ་རྒྱུན་དེ་བས་མང༌། མ་གཞི་ཤུགས་ལྡན་རྩོད་རྙོག་གི་མགོ་ཤུགས་ལྡན་མ་འཁྲུངས་པའི་ཡར་སྔོན་ནས་བསླངས་ཤིང༌། ཐོག་མར་འབྲས་སྤུངས་དགོན་པའི་ནང་གི་མི་དང་མིའི་བར་གྱི་འགལ་བ་ཞིག་སྟེ། གཟིམ་ཁང་གོང་གི་སྐུ་སྐྱེས་གྲགས་པ་རྒྱལ་མཚན་གཟིམ་ཁང་འོག་མས་དར་བརྫོང་བརྒྱབ་ནས་བསད་པའི་རྣམ་ཤེས་དྲེགས་པར་བཞེངས་བར་བཤད། དྲེགས་པར་བཞེངས་པ་ནས་བཟུང་འགལ་བ་འདི་ལྷ་འདྲེའི་ངོ་བོར་སྒྲོ་བཏགས་པ་དང་འབྲེལ། ཤུགས་ལྡན་ནམ་དོལ་རྒྱལ་ཟེར་བའི་ལྷ་མིན་འདྲེ་མིན་ཞིག་མགོ་ནག་མི་ཡི་རྩེད་རའི་ནང་གཞི་ནས་བྱོན། དེ་ནས་བཟུང་དགེ་ལུགས་པ་ཚང་གིས་ཤུགས་ལྡན་རྒྱང་ཕུད་བརྒྱབ་ན། ས་སྐྱས་དཔོན་ཚོས་བདག་པོ་བརྒྱབས་པ་དང༌། ས་སྐྱ་ནས་ཤུགས་ལྡན་གྱི་གདུལ་བྱ་སྟོང་དུས་སླར་ཡང་དགེ་ལུགས་པ་ཚང་གིས་ཞི་འགུག་བྱེད། སྐབས་དེ་ཤེག་ཅིག་ནས་རྙིང་མ་པ་འགས་ཤུགས་ལྡན་བཟུང་ནས་སྲེག་བླུག་སྐབས་ལྷ་སྲུང་བསེ་ཁྲབ་ཅན་གྱིས་རོགས་བྱས་ཏེ་བྲོས་ནས་ཤོར་སོང་ལ། བར་ལམ་ཤུགས་ལྡན་གྱི་ཁ་ལས་ཀླུང་རྟ་དར་ནས་གཞུང་བསྟེན་སྲུང་མ་དམར་ནག་གཉིས་ལ་དགེ་ལུགས་ཚང་གི་དཀོར་བདག་བརྩད་ནས་རྩེ་འགྲན་ཕོད་པ་དང༌། དེང་སང་འཁྲུལ་སྣང་ཅན་འགས་བླ་མ་མཆོད་པའི་ཚོགས་ཞིང་ནང་ཤུགས་ལྡན་མཐོང་སྐད། སོང་ཙང་ཤུགས་ལྡན་ཟེར་བའི་མཁའ་ན་རྒྱུ་བའི་གཟུགས་མེད་འདི་ནི་དེ་འདྲའི་མཐོ་དུས་མཐོ་ཚད་མི་ཟིན་ལ་དམའ་ན་དམའ་ཚོད་མི་ཟིན་བའི་འཁྲབ་སྟོན་པ་ཞིག་རེད།
ཡང་ྋགོང་ས་མཆོག་དང་ཤུགས་ལྡན་བར་གྱི་འགལ་འབྲེལ་འདི་ཇི་ལྟར་བྱུང་བ་རེད་ཟེར་ན། ཏཱ་ལའི་བླ་མའི་ཐོབ་ཁུངས་དགེ་ལུགས་ཡིན་པའི་དབང་གིས། ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་དགེ་ལྡན་པའི་སྤྲུལ་སྐུ་གཙང་མ་ཞིག་གནང་ནས་བཞུགས་དགོས་སམ། ཡང་ན་གདུལ་བྱའི་དབང་གིས་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་གནང་རྒྱུ་ཡིན། གདམས་ཁ་འདིར་ཐུག་དུས་ཐུགས་རྒྱུད་གྲུང་པོ་ཡོད་པའི་རྒྱལ་བ་སྐུ་ཕྲེང་ན་རིམ་དང་པཎ་ཆེན་སྐུ་ཐོག་འགསལམ་ཁ་ཕྱི་མ་འདི་གདམས་ཤིང༌། ཁོང་རྣམས་པས་དེ་ལ་འབབ་པའི་ཆོས་རྒྱུད་རིས་མེད་ཀྱི་ཆོ་ག་ཕྱག་ལེན་གནང་དུས། དགེ་ལུགས་ཚང་གི་མགོ་བྱེད་འགའ་རེ་དེ་ལ་ཐུགས་མ་དགྱེས་པར། ྋགོང་ས་མཆོག་ལ་ཉིད་ཀྱིས་རང་སྡེ་གྲུབ་མཐར་བསྲེ་སླད་རྒྱག་རྒྱུ་མང་ན། འཇམ་མགོན་བླ་མའི་སྟན་སྲུང་གཙོ་བོ་རྡོ་རྗེ་ཤུགས་ལྡན་རྩལ་གྱིས་ལས་སླ་བོ་འཇོག་གི་མ་རེད་སོགས་གླེང་ཕྱོགས་སྣ་ཚོགས་བཟོས། དེར་བརྟེན་ཤུགས་ལྡན་བསྟེན་མིན་འདི་ྋགོང་ས་མཆོག་གྲུབ་མཐའ་རིས་མེད་ཡིན་མིན་དང༌། བོད་ཁ་བ་རི་བོའི་ལྷ་སྐལ་གནང་ཐུབ་མིན་ཀྱི་མཚོན་དོན་ལྟ་བུར་གྱུར་བས་ན། ཆབ་སྲིད་དང་ཆོས་ལུགས་ཀྱི་དགོས་མཁོ་སྦྲེལ་མའི་ཁ་རྩ་ནས། རྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་ཀྱང་ཤུགས་ལྡན་བསྟེན་མཚམས་མི་འཇོག་ཀ་མེད་ཆགས།
འོ་ན་གནད་དོན་འདི་གཞི་རིམ་མང་ཚོགས་ཀྱི་དཀའ་ངལ་ཞིག་ལ་ཇི་ལྟར་གྱུར་བ་ཟེར་ན། ྋགོང་ས་མཆོག་གིས་ཤུགས་ལྡན་བསྟེན་ན་ངོས་སར་ཆོས་ཞུ་མི་ཆོག་ལ། ངོས་ཀྱི་སར་ཆོས་ཞུས་ན་ཤུགས་ལྡན་བསྟེན་མི་ཆོག་ཅེས་བཀའ་ཕེབས་པ་དེས་རྩོད་རྙོག་འདི་དགོན་པའི་ཆོས་ར་ནས་ཁྱིམ་པའི་སྒོ་ཁར་ལྷུང༌། མ་གཞི་ཤུགས་ལྡན་བསྟེན་མཁན་ཁ་འཁྱེར་དང༌། སྤང་བླང་བྱས་རབས་ཁ་འཁྱེར་གྱི་འཁྲབ་སྟོན་པ་ཚོས་དམིགས་བྱ་གཞན་ཞིག་འགྲུབ་ན༼ བསྟེན་དང་སྤང༽གནད་དོན་ཞིག་མིན་མོད། བླ་མ་དང་སྲུང་མ་གཉིས་གར་རིང་ནས་དད་པ་ཡོད་མཁན་ཚོ་གཅིག་སྤང་གཅིག་ལེན་གྱི་གདམ་གར་ཐུག་དུས་ཕལ་བའི་བློ་ལས་འགོངས་པར་ལན་ཁག་ཅི་ཡོད། དེ་དང་ཆབས་ཅིག་བོད་གཞུང་གིས་ྋགོང་ས་མཆོག་གིས་ལྷ་གང་ཞིག་སྤང་བླང་བྱས་པ་དང༌། ཆོས་སྡེ་ཁ་ཤས་ཀྱི་བཅའ་ཡིག་ནང་ལྷ་གང་བསྟེན་རུང་མིན་འཁོད་པ་སོགས་ལུང་དྲངས་ཏེ། གཞུང་ངོས་ནས་རང་གི་མི་སེར་ནང་ལྷ་གང་དང་གང་བསྟཻན་མཁན་ལ་ངོ་སོ་བྱེད་པ། ལྷ་གང་དང་གང་བསྟེན་མཁན་ལ་མངོན་ལྐོག་གང་རུང་ནས་མཐོང་ཆུང་བྱས། དེར་བརྟེན་གནད་དོན་འདི་རིམ་བཞིན་གཞུང་དང་མང་ཚོགས་བར་གྱི་འགའ་ཟླར་ཡང་སྒྱུར་པ་དེར།
འདིར་ྋགོང་ས་མཆོག་ལ་གཞུང་ལུགས་ཀྱི་ཐོག་ནས་དཀར་འདོན་ཞིག་བྱས་པ་ཡིན་ན། བོད་མི་རིགས་ཀྱི་དད་མོས་དགོས་མཁོ་ལྟར་ཨམ་ཕྲུག་ལྷ་མོ་དོན་འགྲུབ་སྒང་ལ་ཏཱ་ལའི་བླ་མའི་མཚན་གནས་གཡོག་སྟེ། གང་ཉིད་སྔོན་ནས་མི་ཕྱེད་ཀ་ཞིག་དང་ལྷ་ཕྱེད་ཀ་ཞིག་བཟོས་ཡོད་སྟབས། ཁོང་གིས་གོ་གནས་དེ་ལ་འབབ་པའི་ལྷ་འདྲེ་དག་ཐེར་བྱས་ཆོག་པའི་དབང་དུ་བཏང་ཡང༌། དེང་གི་ཆོས་ལུགས་དད་མོས་རང་དབང་གི་གོ་དོན་ནི་གཞུང་ཞིག་གིས་དད་མོས་ཁྱབ་ཁོངས་ལ་ཐེ་བྱུས་མི་ཆོག་པའི་དོན་ཡིན་པས་ན། བོད་གཞུང་བལྟ་ཞོག་ཐ་ན་ྋགོང་ས་མཆོག་གཙོས་སྐྱེས་བོ་སྒེར་སུས་ཀྱང་རང་གིས་ལྷ་གང་ཞིག་སྤང་བླང་བྱས་པ་དང་ཆབས་ཅིག་མི་གཞན་པར་སྤང་རྒྱུར་སྐུལ་མ་གཏོང་བའམ། སྤང་བླང་བྱེད་མཁན་ལ་ཡི་རངས་བྱེད་པ་དེ་ནི་ཆོས་ཀྱི་ཆོ་ག་རྐྱང་བའི་ངོས་ནས་བཤད་ན་མ་གཏོགས། དད་མོས་རང་དབང་ནང་གཏན་ནས་འགྲོ་ས་མེད་ལ། གཞན་ཡང་ྋགོང་ས་མཆོག་གིས་ལྷ་འདྲེ་བསྟེན་རུང་མིན་གྱི་དཔང་བོར་ལྷ་འདྲེ་གཞན་ཞིག་བཞག་སྟེ། གནས་ཆུང་གི་ལུང་དང༌། ལྷ་མོ་གསུང་འབྱོན་མའི་མདུན་ནས་ཟན་བརྟག་བསྒྲིལ་པ་སོགས་ཀྱི་བྱ་ཐབས་སྤྱད་པ་དེ་ཡིས་གཤིས་གྱོང་ཚོ་ཡིད་འགུག་མི་ཐུབ་པ་མ་ཟད། རིགས་དྲུག་གང་ལ་གཤེགས་ཟིན་པའི་ཁྲི་བྱང་བླ་མ་ྋགོང་ས་མཆོག་གི་མཚན་ལམ་ནང་ཡང་ཡང་བྱོན་ནས་དོལ་རྒྱལ་དམ་བསྒྲགས་བྱས་པ་དེ་འགྲིག་འདུག་ཅེས་བསྔགས་གནང་ཡོད་མཽད། འདི་ཡང་མཐོང་བ་མངོན་གྱུར་ལས་ཁེས་མི་ལེན་པའི་ཁྲིམས་སྒོ་ཞིག་གི་སྒྲུབ་བྱེད་དུ་མི་འགྲོ་ལ། གཞན་ཡང་གནས་ཆུང་དང༌། དཔལ་ལྡན་ལྷ་མོ་གཉིས་ཨབ་སྲས་འཁྱམས་པོར་སྔོན་ནས་འཆམས་པོ་མེད་གཤེས། ྋགོང་ས་མཆོག་གིས་ཁོང་གཉིས་དཔང་བོར་བཞག་ནས་ཟན་བསྒྲིལ་བ་སོགས་གནང་ན་འདུམ་ཐབས་འདི་མགོ་ནས་འཁྱོག་སོང་ཙང༌། བྱེད་ཐབས་དེ་འདྲས་རྟོག་མཐོན་ཚོར་གོ་རྒྱུ་ཞིག་སྟེར་ན་མ་གཏོག ཨ་ཕོ་ལུག་རྫིའི་འདུམ་དཔང་དེའི་གྲས་ཁྱོན་ནས་ཁེས་ལེན་གྱི་མ་རེད། དེ་བས་མང་ཚོགས་ཁྲོད་ྋགོང་ས་མཆོག་སྐུ་སྒེར་གྱིས་ལྷ་སྤང་བླང་བྱས་པའི་ཀུན་སློང་ལ་དོགས་འདྲི་བྱེད་མཁན་མེད་མོད། ཁོང་གིས་སྤང་བླང་གནང་བས་ཐབས་ཀྱི་ཆ་ལ་ཕྱི་ནང་མི་རིགས་ནང་བསམ་ཚུལ་ཡོད་པ་དངོས་གནས་རེད།
གང་ལྟར་ད་ཆ“དོལ་རྒྱལ་གྱི་གནད་དོན་འདི་འཇིག་རྟེན་དྲེགས་པ་ཞིག་བསྟེན་དང་མ་བསྟེན་གྱི་དྲི་བ་རྐྱང་བ་ཞིག་མ་ཡིན་པར། བོད་ཀྱི་རྩ་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་ཀ་ཞིག་ཆགས་ཚར”བ་བཀའ་ཁྲི་ཟམ་གདོང་པས་བརྗོད་ཡོད་ན། གླེང་ཕྱོགས་དེ་དག་གི་རྐྱེན་དང༌། ཡང་ཤུགས་ལྡན་བསྟེན་མཁན་གྱི་ཆེ་གེ་མོ་འགའ་སྔོན་ནས་རྒྱ་མགོ་ལོག་པ་དང་ཆབས་ཅིག དེ་རིང་རྒྱལ་ཆེན་ཤུགས་ལྡན་ཡང་ལྷ་རྒྱ་དགའ་མ་ཞིག་བཟོ་གང་ཐུབ་བྱེད་ཀྱིན་པའི་མཚོན། འདི་གར་ཤུགས་ལྡན་བསྟེན་མཁན་སྤྱི་བྱིངས་ལ་རྒྱུག་པའི་ལེབ་རྡུང་གི་བཟོ་ལྟ་སྟོན་བཞིན་པ་འདི་ཡག་རྟགས་ཤིག་ག་ལ་ཡིན། ལོ་རྒྱུས་ལ་ཕྱི་མིག་བལྟས་ན། ཤུགས་ལྡན་དང་ཤུགས་ལྡན་བསྟེན་མཁན་ཚོར་ནོར་འཁྲུལ་ཤོར་མྱོང་པ་བཤད་མ་དགོས་མོད། ཁོ་ཚོའི་མགོར་རྒྱ་མིའི་སོ་པ་ཟེར་བའི་བཀའ་ལོག་འདི་གཏན་ནས་མི་འབབ། དཔེར་ན་སྔོན་ཆད་ཨ་འབྲུག་མགོན་པོ་བཀྲ་ཤིས་སོགས་ཀྱིས་ལྷོ་ཁ་གྲི་གུ་ཐང་ནས་སྒར་ས་འདེབས་རྒྱུར་ཤུགས་ལྡན་གྱིས་ས་དཔྱད་གནང་སྐད་དང༌། ྋགོང་ས་མཆོག་ཡུལ་བྱོལ་དུ་ཕེབས་ལམ་མཛད་པར་ཉེ་ཞོ་མ་བྱུང་བའང་ལྷ་དེས་བྱ་ར་གྲུ་འདེགས་བྱས་པར་རློམ་མཁན་ཡོད། མ་གཞི་གླེང་ཕྱོགས་དེའི་གྲས་ལ་ཁུངས་ལུང་མེད་མོད། བཤད་སྟངས་དེ་ཙམ་ཀྱིས་རྒྱ་མིས་ཤུགས་ལྡན་ལྷ་བདེན་ཅན་ཞིག་ལ་ངེས་འཛིན་མི་བྱེད་པ་ད་གཟོད་བདེན་པ་ཡིན། ཡང་རྒྱ་གཞུང་གིས་ཤུགས་ལྡན་བསྟེན་མཁན་གཙོ་བོ་ཁྲི་བྱང་བླ་མས། ཁམས་ཕྱོགས་ཀྱི་མང་ཚོགས་ལ་རྒྱ་རྒོལ་ལས་འགུལ་སྤེལ་དགོས་པའི་ངན་སྐུལ་བྱས་ཤིང༌། སྐུ་ན་གཞོན་པའི་ཏཱ་ལའི་བླ་མ་གཡོ་ཐབས་ཀྱྀས་འཁྲིད་མཁན་གཏེ་བོའི་གྲས་རེད་ཅེས་བཤད་བསྡད་ཡོད། སོང་ཙང་སྐབས་དེར་ལྷ་དེ་དང་དེ་ཉིད་བསྟེན་མཁན་རྣམས་རྒྱ་དམར་ནག་ལ་འབྲེལ་བ་སྤུ་ཙམ་མེད་པ་གསལ་བོ་རེད།
དེང་སང་བཙན་བྱོལ་སྤྱི་ཚོགས་ནང་མི་ཞིག་མགོ་འབུར་དགོས་ན། ལྷ་ཤུགས་ལྡན་བསྟེན་མིན་དང་ལམ་དབུ་མར་ཞུགས་མིན་དེ་མི་དེའི་ཡག་ཉེས་ལངས་ཕྱོགས་ཀྱི་ཚད་འཛིན་ས་བྱེད། དེས་སྟབས་ཀྱིས་འདི་གའི་ཚོགས་སྐྱིད་ཁག་གི་ཁ་འགོ་བ་ཚོ་དང༌། ས་གནས་གཞིས་འགོ་ཡན་ཆད་ཀྱིས་སོ་སོར་ཆབ་སྲིད་མ་རྩ་ཞིག་འཇོག་ཆེད། ལྷ་གང་དང་གང་བསྟེན་ན་ཕན་རབས་དང༌། གང་དང་གང་བསྟེན་ན་གནོད་རབས་འུར་བརྒྱང་ནས་མི་མང་བསྡོད་དུ་འཇུག་གི་མེད་ཁར། ཧུར་བརྩོན་ཅན་འགའ་ཤས་ཀྱིས་ཤུགས་ལྡན་བསྟེན་མཁན་དང༌། ལམ་དབུ་མར་མི་སྐྱོད་མཁན་ཚོར་དགྲ་ཕྱོགས་ལ་གཅོད་གང་ཐུབ་བྱེད་ལ། དེ་ལྟར་ང་རང་ཚོས་ནོར་འཁྲུལ་ཅན་གྱི་བྱ་བ་ནོར་འཁྲུལ་གྱིས་ཐག་གཅོད་བྱས་པར་བརྟེན། རྒྱ་མི་གཞི་ནས་གནད་དོན་འདིར་ལག་པ་འཆང་རྒྱུའི་བློ་ཁོག་རྙེད་པ་འདྲ།


མཇུག་བསྡོམ་དྭངས་ཤེལ་མེ་ལོང༌།

སྲིད་སྐྱོང་འཇོན་ཐང་ཅན་གྱི་གཞུང་ཞིག་གིས་ལྷ་བབ་འདྲེ་མཐོང་ནང་ལག་པ་བསྲིངས་མི་སྲོད་མོད། ལ་ཕར་རྒྱབ་གྱི་པེ་ཅིན་གཞུང་དང༌། ལ་ཚུར་རོལ་གྱི་གངས་ཅན་སྐྱིད་གཞུང་གཉིས་ལ་ལྷ་འདྲེ་ཡན་ཆད་རྩ་མེད་གཙང་གཤེར་བྱེད་རྒྱུའི་བློ་ཁོག་ཡོད། ཡང་བྱ་བའི་མཇུག་འབྲས་སོ་སོའི་ཞེ་འདོད་ལྟར་མ་བྱུང་ན། ལས་འགུལ་དེ་དག་མང་ཚོགས་རང་འགུལ་གྱིས་སྤེལ་བ་རེད་ཅེས་མི་མང་ཉམས་ཆུང་མགོར་གཡུགས་རྐྱང་བྱེད་པའང་གཞུང་དེ་གཉིས་ཀྱི་མཐུན་ས་གལ་ཆེན་ཞིག་ཡིན། རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ནང་དམག་མི་དང༌། ཉེན་རྟོག་རུ་ཁག་ཆེད་གཏོང་གིས་ལྷ་འདྲེ་བསྟེན་ཆོག་མིན་གཙོས། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་བསྡད་པ་བཞིན། འདིར་བཀའ་སྤྱི་གཉིས་ཀྱིས་ཀྱང་ལྷ་བསྟེན་ཆོག་མིན་གྱི་གྲོས་ཆོད་སྣ་ཚོགས་སྣོན་འཇོག་དང༌། ལོ་ཤས་གོང་འདི་གའི་གྲོང་དགོན་གཉིས་ཀར་ཤུགས་ལྡན་སྐུ་བརྙན་གཏོར་རྒྱུའི་ཟིང་ལངས་སྐབས་གཞུང་གིས་དེར་སྟངས་འཛིན་བྱེད་རྒྱུའི་ཚབ་ལ་རྗེས་སུ་ཡི་རངས་བྱས་ཤིང༌། ཡང་གཞུང་འདི་བ་ཚང་གི་སྒོ་ཁར་ཆགས་རྟེན་གཞིས་རྟེན་མེད་པའི་གསར་འབྱོར་བ་ཚོ་གཙོས། ཉམས་ཐག་མི་སེར་ཞིག་དཀའ་ཁག་ཞུ་སར་ཕྱིན་ན་མེད་མུག་ལུང་པ་གང་འདོན་རྒྱུ་ཡོད་ལ། དོན་རྒྱལ་དམ་བསྒྲགས་ཐད་བོད་གཞུང་གིས<<དོལ་རྒྱལ་ཞིབ་འཇུག་ཚོགས་པ>>དང་ << དམ་ཉམས་གཙང་གཤེར་ཚོགས་པ >>ཟེར་བ་སོགས་གཞུང་འབྲེལ་དང༌། ཡང་ན་རང་གི་བརྒྱུད་སྐུལ་འོག་བཙུགས་ནས་དེབ་རིགས་སྣ་ཚོགས་འགྲེམ་སྤེལ་བྱས་པས་མཚོན། མི་རྒྱུ་གཉིས་ཀྱི་འགྲོ་གྲོན་གཏོང་རྒྱུར་ཕངས་སེམས་སྤུ་ཙམ་མེད་ལ། དེར་བརྩར་གཅོད་ཞིབ་འཇུག་བྱེད་མཁན་ཡང་མེད། ཁ་སྔོན་ཡང་བཀའ་ཁྲི་ཟམ་གདོང་ཚང“ལྷའི་ལུང་བསྟན”ལྟར་གདན་ས་ཁག་ནང་དོལ་རྒྱལ་གཙང་གཤེར་ཆེད་ཕྱིན་པ་དང༌། སྐབས་དེར་ཡང་ཁོས་དོལ་རྒྱལ་བསྟེན་མཁན་གཙང་གཤེར་ཐད་གཞུང་ངོས་ནས“དགོས་གལ་བྱུང་ན་མཐུན་རྐྱེན་ག་འདྲ་ཞིག་ཡིན་ཡང་སྤྱོར་རྒྱུ་ཡིན”སྐོར་ཐ་ཚིག་བསྒྲགས་འདུག་ན། ལ་ཚུར་རྒྱབ་གྱི་ལས་འགུལ་ནང་གཞུང་འདི་བས་ཁ་དང་ལག་པ་ཉིས་ག་སླེབས་ཡོད་པའང་གནམ་འོག་འདི་རུ་འགྱེན་ས་ག་ལ་ཡོད།
པེ་ཅིན་གཞུང་གིས་ལྐུགས་པའི་ལས་འགུལ་དེ་འདྲ་ཅིས་ཕྱིར་སྤེལ་བ་རེད་ཟེར་ན། མི་ཚང་མ་ཁ་གཅིག་གྲགས་གིས་རྒྱ་གཞུང་སྲིད་དབང་སྒེར་གཅོད་ཡིན་པའི་ཁར། མ་གཞི་རྒྱ་མི་བོད་ལ་མི་སེར་སྤེལ་བར་ཡོང་བ་རེད་ལབ་ཆོག་མོད། འོ་ན་དམངས་གཙོའི་ཀ་བ་གསུམ་གྱི་སྒྲོམ་གཞི་བསླངས་ཡོད་པའི་བོད་གཞུང་ལ་ཅི་ཞིག་མ་འཕྲོད་པ་རེད། ང་ཚོའི་འཐབ་རྩོད་ཁ་ནང་ལ་སྐོར་ཡོད་སྟབས་རྒྱ་མིར་ཡང་མ་འགྱན་པ་རེད། མི་ཁ་ཤས་ཀྱིས་འདི་ནི་དམངས་གཙོ་ཤི་སོང་ཟེར་བ་བདེན་པ་མིན་འགྲོ་དྲན་ཡང་སྲིད། ངས་བལྟས་ན་དམངས་གཙོ་ཤི་མེད་མོད། བོད་གཞུང་གིས་དམངས་ཙོའི་སྒང་ལ་ཆོས་སྲིད་ཟུང་འབྲེལ་བཙན་སྒྲིག་བྱས་པའི་ཉེར་ལེན་རེད། ཆ་བཞགས་ན་སྤྱི་ཚོགས་རིང་ལུགས་དེ་འདྲའི་སྡུག་ཅག་ཞིག་མིན་མོད། རྒྱ་གཞུང་གིས་སྤྱི་ཚོགས་རིང་ལུགས་སྒང་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པ་ཟེར་བའི་བྱ་ཚིག་འདི་བསྐྱོན་ནས་བཟུང་ལམ་ལུགས་དེ་ཕོ་ལོག་མོ་ལོག་ཅིག་ཆགས་སོང་ལ། ཡང་གཅིག་བཤད་ན། ང་ཚོ་ཆོས་སྲིད་ཟུང་འབྲེལ་གྱི་དམངས་གཙོ་ལམ་ཁ་ཞིག་ཟིན་ཡོད་མེད་ཀྱང་རྩོད་གཞི་རེད། དེའི་ཐད་ྋགོང་ས་མཆོག་གིས་༩༦ ལོར་ལྷ་སྤང་བླང་བྱེད་ཕྱོགས་ཐད་ཀྱི་བཀའ་སློབ་གལ་ཆེན་ཞིག་གནང་བའི་ནང“ངོས་སྔོན་བཅའ་ཁྲིམས་བཟོ་སྐབས་དབྱིན་ཇའིསེ་ཀུ་ལརཡག་པོ་འདུག་ཅེས་བཤད་ཡོད། ང་ཚོར་མ་འོང་པར་ཏན་ཏན་ཆོས་ཀྱི་རྣམ་དབྱེ་གང་ཡང་མེད་པའི་་་་གཞུང་ཞིག་ཡོང་མདོག་ཁ་པོ་རེད། དེ་དུས་གནས་ཚུལ་ཐ་དད་ཡིན་ ་་་ད་ལྟའི་སྐབས་འདིར་ངོས་ལ་འགན་ཞིག་ཡོད་པ་ཡིན་དུས། གང་ལྟར་ལྷ་མི་ཟུང་འབྲེལ་གྱི་ཐོག་ནས་བལྟ་དགོས་ལ། འགན་འཁྱེར་དགོས་པ་ཆགས་ཀྱི་འདུག”ཅེས་ཞལ་སངས་ནས་གསུང་པ་བཞིན། ད་ལྟ་ང་ཚོར་ཆོས་ཀྱི་རྣམ་དབྱེ་མེད་པའི་གཞུང་ཞིག་ཡོང་རྒྱུ་ལྟ་ཞོག ཆོས་སྲིད་ཟུང་འབྲེལ་གྱི་དམངས་གཙོ་ལབ་ནའང་ཏག་ཏག་སྡད་མེད་ལ། དོན་དངོས་ལྷ་མི་ཟུང་འབྲེལ་འོག་ལྷགས་ཡོད་སྟབས། ས་མཐའ་འདི་ནས་ཤུགས་ལྡན་ལྟ་བ྄ུས་ཀྱང་བསྡད་མ་བཅུག་པ་རེད། ཡང་བཙན་བྱོལ་གཞུང་གི་མཛད་སྤྱོད་འདི་མུར་ཕྱིན་ན་འབྱུང་འགྱུར་བོད་ཀྱི་འཐབ་རྩོད་ལ་ཕན་གནོད་གང་ཡོང་བཤད་ཁག་ཀྱང༌། གཞུང་འདིའི་ཕྱི་ལོག་གི་བོད་པ་འབུམ་གཅིག་ལྷག་ཞིག་པོར་མགོ་བསྡུ་བརྒྱབ་ཏེ། འཛམ་གླིང་འཁོར་རྒྱུག་ཁྲོད་དཔུང་པ་མཉམ་གཤིབ་གྱིས་འགྲོ་བསམ་ན། ད་ཆ་ཆོས་ཀྱི་རྣམ་དབྱེ་གང་ཡང་མེད་པའིསེ་ཀུ་ལར གཞུང་ཞིག་འཛུགས་རྒྱུའི་དུས་སྐབས་ཡག་ཤོས་ཡིན་ལ། དེ་ལྟ་བུའི་གཞུང་ཞིག་བཙུགས་ན་རང་མི་འདྲེ་དང་སྲུང་མ་གཤེད་ལ་བབས་པའི་དཀའ་རྙོག་འདི་དག་གི་ལྟག་ཆུ་ངང་གིས་ཆད་འགྲོ་བ་གཞིར་བྱས། ཡང་གཞུང་དེ་འདྲ་ཞིག་འཛུགས་རྒྱུའི་གོ་རིམ་ལ་མི་རྣམས་སྐྲག་མི་དགོས། དེ་ནི་འཛིན་སྐྱོང་ཁོངས་ཀྱི་ལེགས་བཅོས་ཆུང་ཆུང་ཞིག་ཡིན་སྟབས། ཧ་ལས་ན་ལྷ་འདྲེ་གདོན་དགག་ཉུང་ཤས་ཤིག་གི་གནས་སྟངས་ལ་འགྱུར་བ་ཕྲན་བུ་འགྲོ་ན་ལས། མང་ཚོགས་ཀྱི་ཆོས་སྲིད་འཚོ་བར་ཕོགས་ཐུག་བཏང་སྟེ་རྙིང་བཞི་རྩ་གཏོར་དང༌། དམ་ཉམས་གཙང་སེལ། བག་ཆག་དོང་དཀྲིགས ལྟ་བུའི་ལས་འགུལ་གཞུང་འབྲེལ་ཐོག་སྤེལ་དགོས་དོན་མེད་ལ། ཡང་གཞུང་དེ་ཆོས་ལུགས་ཡོད་ཚད་ཀྱི་གཉའ་ལ་གཞོན་པའམ་ཆོས་ལུགས་ཚང་མའི་འོག་ནས་བཀའ་བཀོལ་འཁུར་མཁན་གང་ཡང་མ་ཡིན་པར་ལྷ་ཆོས་བྱེ་བྲག་པའི་ཁོངས་ནས་ཟུར་དུ་ཐོན་སྟེ། ཆོས་ལུགས་ཚང་མར་གཟིགས་སྐྱོང་གཅིག་གྱུར་གནང་རྒྱུ་དང༌། ཡུལ་མི་ཤུགས་ལྡན་བསྟེན་མཁན་དང༌། མི་བསྟེན་མཁན་གཉིས་གཙོས། ཡུམ་མི་ནང་པ། ཁ་ཆེ་བ། བོན་པོ། ཡེ་ཤུས་ལ་སོགས་གཞུང་ལ་གཤའ་ཁྲལ་འབུལ་མཁན་ཚང་མར་གཟིགས་སྐྱོང་གཅིག་གྱུར་གནང་རྒྱུའི་དོན་ཡིན།
མཐའ་དོན་དེང་སྐབས་གཞུང་ཞིག་གིས་མགོ་ལྷ་ཡུལ་ལ་ཡར་བརྒྱུས་རྐང་པ་མི་ཡུལ་ལ་མར་བཙུགས་ཏེ། ལྷ་འབོད་ཀླུ་བསྐྱོར་བྱེད་པའི་ལྷ་མི་ཟུང་འབྲེལ་དུས་ཚོད་ཡོལ་ཟིན་མོད། ང་ཚོར་ད་དུང“སྤྱི་མཐུན་ལས་ཀྱི་བསོད་ནམས་དམན་དྲགས་ནས”ལོག་ལམ་དེའི་གྲས་མེད་པ་བཟོ་རྒྱུའི་བློ་ཁོག་མེད་ཀྱང་རུང༌། མ་མཐར་ཡང་བཙན་བྱོལ་གཞུང་གིས་ལ་ཕར་རྒྱབ་ཀྱི་རྒྱལ་གཅེས་ཆོས་གཅེར་ལད་མོ་བྱས་ཏེ། མིའི་རིགས་ཀྱི་དཔལ་ཡོན་ཕྱིར་གཞོལ་བྱེད་པའི་ལས་འགུལ་དེ་འདྲ་མི་སྤེལ་རྒྱུ་དང༌། སྔོན་དེ་ལྟར་འགྱེས་པར་འགྱོད་བཤགས་བྱེད་རྒྱུ་ཙམ་ཞིག་ད་ཆ་འཇོན་དགོས་ཚད་རེད་ལ། ཡང་བོད་པའི་ནང་འཁྲུགས་བརྒྱག་རྒྱུ་བྱུང་ན་ཨ་ཞང་ཚང་གིས་ཕྱོགས་ཉིས་ཀར་སྦྱིན་བདག་གནང་རྐྱང་ཡིན་ཙང༌། ཤུགས་ལྡན་བསྟེན་མཁན་ཁ་འཁྱེར་ཚོས་ཚུར་སྦྱོར་ངན་བརྩམས་ཀྱང་ཆོག རྒྱལ་བའི་བཀའ་སློབ་ཁ་འཁྱེར་གྱི་ཧུར་བརྩོན་ཅན་འགས་ཕར་བསྙད་བཀོལ་ནའང་འདྲ། མགོ་ཤ་དངས་མོ་ཅན་ཞིག་ཡོད་ན་ད་ནི་ཕྱོགས་ཉིས་ཀར་དོགས་ཟོན་བྱེད་རྒྱུའི་དུས་སུ་སླེབས་འདུག

ཀླུ་མཁར་བྱམས་ཀྱིས། ༢༠༠༨།༦།༡༧ རྡ་ས་ནས་བྲིས།

没有评论:

发表评论