2009年6月29日星期一

ཨ་ཚོགས་ཚང་གི་གཏམ་ཚོགས།

ཨ་ཚོགས་ཚང་གི་གཏམ་ཚོགས།
མྱི་གསར་བའི་རུ་དཔུང་དང༌། སྙན་ངག ད་དུང་རྟོགས་སད།


ཁྱེད་ཅག་ཤེས་རབ་དགའ་ཚུལ་སློབ་གྲྭའི་སློབ་ཕྲུག་ཁག་ཅིག་སྟེ༼མྱི་གསར་བའི་རུ་དཔུང་༽ནས། ད་ལོ་བོད་ནང་དུས་ལོག་བྱུང་བའི་སྐོར་ལ༼ཚེ་སྲོག་གི་རིན་ཐང་ལ་ངེས་ཤེས་རྙེད་པ༽ ཞེས་པའི་འཕྲེད་བྱང་འོག་སྙན་རྩོམ་ཀྱི་འདུ་འགོད་ཞིག་འཚོགས་པ་དང༌། དེ་རིང་ཚོགས་ཁང་འདིར་མྱི་གསར་བ་རྣམས་སྡིངས་ཆའི་ཐོག་ཁ་མར་འཁོར་པ་དང༌། ང་ནང་བཞིན་གྱི་འདྲེ་རྙིང་པ་འགའ་འོག་ནས་ཡར་འཁོར་ཏེ་ལྷན་རྒྱས་ཀྱི་རྩོམ་ཡིག་དང༌། སྙན་ངག་གྱེར་འདོན་བྱས་པ་སོགས་ལ་རོལ་མྱོང་བྱེད་སྐལ་བྱུང་བ་ཕྲན་ལ་མཚོན་ན་ངོ་མ་དགའ་བོ་བྱུང༌། ཁ་སང་ལྷན་རྒྱས་ཀྱིས་ང་ལ་འདིར་ཚིག་འགའ་བཤད་རོགས་ཅེས་རེ་སྐུལ་གནང་བ་ལྟར། མདང་དགོང་ངས་ལག་ལ་གང་ཡོང་གིས་ཟིན་བྲིས་ཤིག་བཏབས་ཡོད་ལ། ཟིན་ཐོ་འདི་ཡི་ཁ་བྱང་ལའང་༼ མྱི་གསར་བའི་རུ་དཔུང༌། སྙན་ངག ད་དུང་རྟོགས་སད་་་༽ཅེས་བཏགས་ཡོད།

མྱི་གསར་བ་ནས་རྟོགས་སད་བར།


སྤྱིར་མི་རྣམས་ཀྱིས་སད་རྟོགས་ལ་རེ་སྙེག་བྱེད་པ་དང༌། སྤྱི་ཚོགས་ཀྱི་མ་དག་རྒྱུན་འབྱམས་དང་རྨོང་འཐོམ་རང་བཞིན་གཉིས་གདོང་ཐུག་བརྒྱབས་པའི་འོག་ནས། མི་མང་ཆེ་བ་ཞིག་གོ་མེད་ཚོར་མེད་ངང་རྨོངས་འཐོམ་ནང་འཐིམ་འགྲོ་ལ། ཆེས་ཉུང་ཤོས་ཤིག་གིས་མ་གཏོགས་སྒེར་ཚུགས་ཀྱི་བསམ་བློ་འཛིན་མི་ཐུབ། སྔ་མ་འདི་ལ་བོད་ཀྱིས་མི་གསུམ་ཁ་མཐུན་ན་ར་མ་རྒྱ་མོ་ཁྱིའི་གཏོང་ཟེར་ལ། ར་མ་མཐོང་མཁན་གྱི་སྐྱེས་བོས་རང་ཉིད་ཀྱིས་མཐོང་བ་མངོན་གསལ་ཐོག་རང་ཚིགས་མ་ཟིན་པར། ཁ་མང་གང་ལ་མཐུན་པའི་རྗེས་སུ་རྒྱུག་དགོས་བྱུང་བ་དང༌། རིམ་པས་རང་ཉིད་རང་ལ་ཡིད་ཆེས་མེད་པ་ཆགས་འགྲོ་བ་ཡིན། ཡང་ཁ་ཅིག་སྟེ་སྒེར་ཚུགས་ཐུབ་མཁན་ཉུང་ཤས་དེ་ཚོ་ནི་དགེ་ཆོས་ཀྱིས་བཤད་པ་ལྟར༼ བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང༌། རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ། འདི་ནི་མཁས་པའི་དམ་ཚིགས་དང་པོ་སྟེ། སྲོག་ལ་བབ་ཀྱང་འབད་པས་སྲུང་བར་བྱ༽ ཟེར་མཁན་མི་རུས་པ་ཅན་གྱི་གྲས་ཡིན། ཁྱེད་ཅག་མྱི་གསར་པའི་དཔུང་གིས་དེའི་གྲས་ལ་མི་བུ་སྒལ་ཚིགས་ཅན་ཟེར་ཀྱིན་ཡོད་པ་འདྲ། མདོར་ན་མི་སྡེ་སྤྱི་ཚོགས་ཀྱི་༼རྨོང་འཐོམ༽དང་༼སད་རྟོགས༽གཉིས་ཀྱི་གདོང་ཐུག་བར་ནས་རང་ཚུགས་བརྟན་ཞིང༌། རིག་པས་འཚོ་ཐུབ་ན་ད་གཟོད་རྩོམ་པ་པོ་དང༌། སྙན་ངག་པ་གྲུབ་རྒྱུའི་གོམ་པ་དང་པོ་ཡིན། ཡང་གནད་འགག་ཅིག་ནི། འདིར་བཤད་པའི་སད་རྟོགས་ནི། ཆོས་གཞུང་ག་གེ་མོ་ནས་བཤད་པའི་ཏིང་འཛིན་སྒོམ་མཁན་ཚོར་གོ་ན་རྦད་དེ་ནོར་འཁྲུལ་ཤོར་བ་ཡིན། རྒྱུ་མཚན་ཅི་ལྟར་དངོས་པའི་གཤིས་ལ་ཉེ་གྱུར་ན་དེ་ལྟར་མཁས་པའི་ངག་ནི་ལྐུག་པར་གྱུར་འགྲོ་བས། དེ་ལྟ་བུའི་སད་རྟོགས་པ་ཚོའི་སྙན་ངག་གི་ཚོར་འདུའི་ལྟག་ཆུ་སྔོན་ནས་སྐམ་ཚར་བ་རེད། མ་ཟད་ཁ་མང་མཐུན་ཕྱོགས་ཀྱི་རྗེས་སུ་གཡམ་རྒྱུག་བྱེད་མཁན་ཞིག་གིས་བྲིས་པའི་རྩོམ་ཡིག་ལ་ཚིག་སྦྱོར་གྱི་སྙན་ཆ་ལྡན་རུང་༼རླབས་ཆེན་གྱི་རྩོམ་པ་པོ༽ཟེར་བའི་ཐ་སྙད་ཅིག་འབབ་རྒྱུ་སེམས་ཐག་ཡིན།
ང་ལ་མཚོན་ན་དྭངས་གཙང་གི་སེམས་ཁམས་ཁྱེར་ནས་སད་རྟོགས་ཀྱི་གནས་གང་ཞིག་ལ་རེ་སྙེག་བྱེད་མཁན་གྱི་སློབ་མའི་སྙན་ངག་ཀློག་རྒྱུར་ཧ་ཅང་དགའ། རྒྱུ་མཚན་ང་ཚོ་ཚང་མ་སད་རྟོགས་པ་མིན་ལ། སད་རྟོགས་ཀྱི་འབྲས་བུར་རེ་སྙེག་བྱེད་མཁན་ཡིན་པ་གང་ཞིག་ལ། ང་ཚོ་ཚང་མ་རྨོངས་འཐོམ་པ་མ་ཡིན་པར་རྨོངས་འཐོམ་སྤྱི་འཚོགས་ཀྱི་སྐྱོན་འཚང་ཐེར་འདོན་བྱེད་མཁན་ཡིན་པས་རེད། མི་རྣམས་ཀྱིས་ཁྱེད་ཅག་ནི་མ་རྟོགས་པ་དང༌། ལོག་པར་རྟོགས་པ་རྐྱང་རེད་ཅེས་སྨོད་ན་ཐང་མོད། དེར་ཞེད་དགོས་དོན་མེད། ངེད་ཅག་ནི་རང་སྣང་རང་ལ་དག་པའི་དཔའ་བོའི་དཔུང་ཚོགས་རྣལ་མ་ཞིག་ཡིན་ལ། འདི་ལྟ་བུའི་དཔུང་ཚོགས་ཅིག་ཡིན་པའི་རྒྱུ་མཚན་གྱིས་ཁྱེད་ཅག་ལ་༼ཚེ་སྲོག་གི་རིན་ཐང་ལ་ངེས་ཤེས་རྙེད་པ༽ཟེར་བའི་བརྗོད་བྱང་འོག་སྙན་རྩོམ་དབྱངས་སུ་གྱེར་རྒྱུའི་ཐོང་ཐང་རག་པ་ལོས་ཡིན།

བླུན་རྨོངས་ཀྱི་གོ་རིམ་ནས་བག་འཁུམས་བར།

མི་ཟེར་བ་འདི་འཆར་སྣང་གི་རྗེས་སུ་བརྒྱུག་ནས་དངོས་ཡོད་ལ་སྣང་ཆུང་བྱས་ཚེ་བླུན་རྨོངས་གི་ཆོ་ལོ་རག་གི་ཡོད་པ་འདྲ། དཔེར་ན་མིས་སངས་རྒྱས་སམ་ལྷ་ཀླུ་གང་ཞིག་རྟོགས་བཟོ་བྱས་རྗེས། དེར་གཞི་བཅོལ་ནས་ས་རྡོ་དང་གསེར་སྲང་གིས་གྲུབ་པའི་འབག་སྐུ་ཞིག་བཞེབས་ཤིང༌། མཐར་སྐུ་འདྲ་དེ་གྲུབ་པའི་གོ་རིམ་ལ་བསམ་བློ་མ་བཏང་བར། དེ་ནི་སངས་རྒྱས་སམ་དཀོན་མཆོག་གསོན་པོ་ཞིག་ཏུ་རློམས་ནས་བློས་བཅོལ་བྱེད་པ་ནི། མདོར་ན་རྨོངས་འཆར་གྱི་གོ་རིམ་དང་པོ་ནས་རིམ་པ་གཉིས་པར་ཟགས་པ་ཞིག་རེད་ལ། སྣང་ཚུལ་འདི་ནི་མིའི་རིགས་ཀྱི་ནད་རྙིང་ཅིག་ཡིན་སྟབས། སྙན་ངག་པ་ལོ་ཆུང་ཚོས་ནད་འདིར་སྔ་ས་ནས་གཟབ་རྒྱུ་གལ།
དེ་ཡང་འཇར་མན་གྱི་རྩོམ་པ་པོ་གྲགས་ཅན་ནི་ཐི་ཛས་ཆིས་༼ སྐྱེས་བོ་ག་གེ་མོས་འཆར་སྣང་གི་འཇིག་རྟེན་བློས་བསླངས་བྱས་རྗེས། དེ་གཙོར་བཟུང་གིས་དངོས་ཡོད་འཇིག་རྟེན་དང༌། དེའི་རིན་ཐང༌། བདེན་པར་གྲུབ་པ་བཅས་ཀྱི་རང་བཞིན་ཕལ་བའི་གོ་སར་བཞགས་པ་རེད། གནའ་ནས་ད་བར་འཕྲུལ་ཤེས་བླུན་རྨོང་རང་བཞིན་གྱིས་དངོས་ཡོད་འཚོ་བ་འབག་རྩོག་བཟོ་ཤིང༌། དེ་ལྟ་བུའི་འབག་རྩོག་ནི་མིས་རང་གི་སྐྱེས་སྟོབས་ཀྱི་རྣམ་དཔྱོད་དེ་ཐོག་མའི་འབྱུང་ཁུངས་ནས་མ་ཡིན་ཡིན་མདོག་གི་ཚུལ་འཆོས་ཕྱོགས་སུ་བསྒྱུར་བའི་ཉེར་ལེན་རེད་ལ། ངོ་མ་བཤད་ན་དེ་ལྟར་བྱས་པའི་མཇུག་འབྲས་ཀྱིས་མི་རང་ཉིད་ཀྱི་སྐྱེས་འཕེལ་དང་མདུན་ལམ་ལ་ཕན་ཐོག་ཡོད་པ། དོན་དངོས་བརྩི་འཇོག་དགོས་པའི་བྱ་དངོས་མང་པོ་ཞིག་ཏན་ཏན་ལྡོག་ཕྱོགས་ནས་ཁ་གཏད་ཆགས་པ་རེད་ལ། མདོར་ན་དེ་ལྟར་དད་སེམས་ཀྱིས་སླུས་པའི་འདུ་ཤེས་ཀྱི་ནོར་འཁྲུལ་ནི་གློ་བུར་ཐོད་བརྒྱག་ཏུ་བྱུང་བ་ཞིག་མ་ཡིན་པར། མིས་བསམ་གཟེས་ནས་བཟོས་པ་རང་རེད་ཟེར་་་་ ཡང་ཁོང་གིས་དེ་མ་གཏོག་མིའི་རིགས་ཀྱི་ལྷན་སྐྱེས་རིག་སྟོབས་ངོས་ནས་བཤད་ན། དཀའ་ངལ་ལ་གདོང་ལེན་བྱ་དགོས་ནའང་འདྲ། སྔོན་ཐོན་གྱི་ལམ་ཁ་ཞིག་བསྙེག་དགོས་ཀྱང་ཆོག བྱེད་སྤོབས་པ་དང༌། མཐའ་སྐྱེལ་ཐུབ་པ། འབྲས་བུ་ཕུན་སུམ་ཚོགས་པ་ལེན་ཐུབ་པའི་ཆ་རྐྱེན་ལྡན་ཡོད༽ ཅེས་གསུངས་ཡོད་ན། ལེགས་བཤད་འདི་ལས་ཀྱང་ང་ཚོས་མི་བླུན་རྨོང་ནས་བག་ཁུམ་ཏུ་ཅི་ལྟར་གྱུར་བའི་གོ་རིམ་རྟོགས་ཐུབ་ཁར། བླུན་རྨོངས་ཀྱི་ངོས་གཞན་ནུས་མེད་བག་ཁུམ་ཡིན་པའང་རྟོགས་ཐུབ།
མ་ཟད་བླུན་རྨོང་ཟེར་བ་འདིར་ཡང་མ་བཅོས་སྣང་བ་སྐྱོང་མཁན་ཉོན་སྒྲིབ་ཅན་དང༌། བཅོས་མའི་རྣམ་རྟོགས་ཅན་གྱི་ཤེས་སྒྲིབ་པ་སྟེ་རིགས་གཉིས་འཇོག་དགོས་ལ། དེའང་དགེ་ཆོས་ཞལ་ནས༼ མ་བཅོས་སྣང་བ་སྐྱོང་བའི་བླུན་པོ་དང༌། བཅོས་མའི་རྣོམ་རྟོགས་སློངས་པའི་མཁས་པ་གཉིས། མི་མཐུན་ལམ་ཀྱི་མདོ་ནས་གྱེས་ནའང༌། ལམ་གསུམ་མདོ་ནས་སླར་ཡང་མཇལ་བར་ངེས༽གསུངས་འདུག་ལ། ཚིག་བཅད་འདིར་ངས་གོ་བ་ལེན་སྟངས་བྱས་ན། མ་བཅོས་སྣང་བ་སྐྱོང་མཁན་དང་བཅོས་མའི་རྣམ་རྟོགས་སློང་མཁན་གཉིས་ཀ་ཐོག་མར་ཅི་ལྟར་གྱེས་ཀྱང་རུང༌། ལམ་གསུམ་མདོ་ནས་སླར་འཕྲད་ས་ནི་རྨོང་འཐོམ་གྱི་གནས་འབའ་ཞིག་ཡིན་པ་མཚུངས་བར་བརྗོད་པ་དེ་རེད།


མྱི་ཚད་ལྡན་ནས་་་སྙན་ངག་ཚད་ལྡན་བར།

ང་ཚོས་འདིར་བཤད་པའི་མི་ཚད་ལྡན་ནི་སྐྱོན་གྱིས་མ་གོས་སྐུ་མདོག་དཀར་ཞིང༌། རྟོག་པའི་དྲ་བ་ཡོངས་རྫོགས་སད་བསྡད་ཡོད་པའི་རྫོགས་པའི་སངས་རྒྱས་ལྟ་བུར་གོ་མི་ཆོག་ལ། མདོར་ན་སྨྲ་བསམ་བརྗོད་འདས་ཤེས་རབ་ཀྱི་ཕ་རོལ་ནི་སྙན་ངག་གི་བསྙག་བྱ་ཡིན་མིན་གང་ལྟར། སྙན་ངག་པའི་སྙོབས་ས་ཞིག་མིན་པ་གསལ་བོ་རེད། འདིར་བཤད་པའི་མི་ཚད་ལྡན་ནི་རྟོག་པའི་དྲ་བ་བསལ་མེད་པ་དང༌། རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་འབྲེལ་བའི་ཚོར་བ་ཡོད་པ་གང་ཞིག་ལ། རིག་ཚོད་ཟིན་ཐུབ་མཁན་ཞིག་ཡིན་ན་དེ་གའི་འགྲིག་བསྡད་ཡོད། དེ་ལྟ་བུའི་སྐྱེས་བོ་ཕལ་བ་ཚོས་ད་གཟོད་ཚེ་སྲོག་ལ་རིན་ཐང་ཡོད་པ་ངེས་ཤེས་སྐྱེས་ཐུབ་པ་ཡིན། སོང་ཙང་དེ་རིང་སློབ་ཕྲུག་རྣམ་པའི་ད་ལོ་བོད་ནང་ཚེ་སྲོག་ཤོར་བའི་རིན་ཐང་གླུ་རུ་གྱེར་བ་དང༌། དེ་ལྟར་གྱེར་མཁན་ཚོར་ངས་ད་གཟོད་མྱི་ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ཁྱེད་ཅིག་གིས་བྲིས་པའི་སྙན་རྩོམ་དེ་དག་བཅད་ལྷུག་སྤེལ་མ་གང་ཡིན་རུང༌། ཚིག་སྤྱོར་ལ་སྙན་ཆ་ཡོད་མེད་གང་ལྟར་ཡང་ངས་སྙན་ངག་ཚད་ལྡན་དུ་བརྩི་རྒྱུ་ཡིན། དེ་བས་ང་ལ་བགྲོ་གླེང་འདིའི་ཐོག་ལྷན་རྒྱས་ཀྱིས་ཚིག་འགའ་བཤད་རྒྱུའི་སྐལ་བ་སྩལ་བ་ངས་ངའི་བསོད་གཏེ་བརྩི་རྒྱུ་ཡིན་ལ། མཐར་ཁྱེད་ཅག་མྱི་གསར་བའི་དཔུང་སྣེ་དྲངས་ཏེ་ང་ཚོ་ས་ལ་འགྱེལ་བསྡད་ཡོད་པའི་མྱི་རྙིང་པ་རྣམས་ཀྱང་འགྲོ་ས་ཞིག་ཨེ་རྙེད་གི་ལྟོས། ཨ་མའི་བུ་ཚོར་སྲ་ལ་གྱིས །།

ཕྱི་ལོ༢༠༠༨ ཟླ ༡༢ ཚེས ༡༤ ཉིན་ཡོངས་གླིང་ཚོགས་ཁང་ནང་འདི་ལྟར་གཏམ་བཤད་བྱས་ཤིང༌། མཚན་མོར་རང་ཁྱིམ་ནས་སྒྲིག་སྦྱོར་གྱིས་ཟིན་བྲིས་ནང་བཏང་བ་དགེའོ།།

没有评论:

发表评论