2009年7月1日星期三

བླ་འཁྱམ་པའི་འཁྱམ་པོ།

བླ་འཁྱམ་པའི་འཁྱམ་པོ།

དུས་ཟིང་དེ་ལྟར་བྱུང་བའི་དབང་གིས་ཁ་སང་དེ་རིང་སྤྱིར་འཛམ་གླིང་ཧྲིལ་བོ་དང་། ཡང་སྒོས་ཡུ་རོབ་གླིང་གི་གསར་ཤོག་ཆེ་མ་ཆུང་གསུམ་གྱི་མདུན་ཤོག་ན་བོད་དོན་འབར་བསྡད་ཡོད་ལ། བརྙན་འཕྲིན་བརྒྱུད་ལམ་ཁག་གི་གསེར་གྱི་གོ་སྐབས་ཚང་མ་བོད་དོན་གྱིས་ཐལ་གཅོད་བྱས་འདུག

ཁ་བརྒྱ་མིག་སྟོང་གི་འཛམ་གླིང་མདུན་སར་བོད་མི་རིགས་ཀྱི་འཕག་འཚག་སྟེ་འཆི་ཁའི་འཕག་འཚག་ཀྱང་ཡིན་སྲིད་པས་གནས་ཚུལ་འདི་བཀྲམས་ཡོང་དུས། ལྟ་ཕྱོགས་འདྲ་མིན་ན་བསམ་ཚུལ་སྣ་ཚོགས་འཐོན་གྱི་ཡོད་མོད། ང་རང་ཉིད་ཀྱི་བསམ་ཚུལ་ཞིག་ལ་ལས་འགུལ་འདི་ལངས་སྟངས་ཅུང་སྔ་དྲགས་སོང་བསམ། དེ་བས་ཉིན་འདི་འགར་འབྲེལ་གཏུགས་བྱེད་སའི་སྲིད་དོན་མི་སྣ་ཁག་ལའང་བརྡ་ལན་འདི་སྤྲད་པ་ཡིན། འོན་ཀྱང་མ་བསམ་ས་ནས་ལས་འགུལ་འདི་ལྟར་ཛ་དྲག་ཆགས་ཡོང་དུས་ད་ནི་ཇི་ལྟར་མཇུག་སྐྱོང་དགོས་མིན་སྐབས་ཐོག་གི་བསམ་བློ་གཏོང་ས་གཙོ་བོ་རེད། བོད་ཕྱི་ནང་གཉིས་ཀྱི་ལས་འགུལ་གང་ཡིན་རུང་མང་ཚོགས་ཀྱི་ལས་འགུལ་ཡིན་སྟབས། མང་ཚོགས་ཀྱི་ལས་འགུལ་ཟེར་བ་འདི་ནི་དུས་བཅད་ངེས་ཅན་ནང་རང་བཞིན་གྱིས་མཇུག་སྒྲིལ་འགྲོ་བ་ཞིག་ཡིན་ལ། མང་ཚོགས་ལས་འགུལ་ཞིག་མང་ན་ཟླ་གཅིག་གི་ལྷག་རྒྱུན་འཁྱོངས་ཐུབ་རྒྱུ་ཁག་པོ་རེད། དེ་ལྟ་ན་ང་ཚོའི་ཆབ་སྲིད་ལས་འག྄ུལ་པ་ཚོས་ཁོ་ཚོར་འཆར་གཞི་རབ་དང་རིམ་པ་ཡོད་ལུགས་ཀྱི་ཁ་ཕོ་ཇི་ལྟར་འཐེན་ཀྱང་རུང་། མི་མང་གིས་རང་རྟ་སྒ་མ་དང་རང་བྲོ་ཁུག་མ་བྱས་ནས་ཡོང་བའི་ལྕོགས་ཚད་ལ་ཚད་གཞི་ཡོད་པ་གསལ་བོ་ཡིན། དེ་བས་དེང་སྐབས་བོད་ནང་ན་སྤེལ་བཞིན་པའི་ལས་འགུལ་འདི་ཟླ་ངོ་གཅིག་གི་རིང་མུ་མཐུད་ཐུབ་ན་ལྷ་རབ་རེད། མི་མང་གིས་ཤེས་དགོས་པ་ཞིག་ལ་མར་རྗེས་སུ་བུ་ཁྲིད་ནས་ཡོང་བའི་མང་ཚོགས་ཀྱི་ལས་འགུལ་དང་། དམག་གི་ལས་འགུལ་གཉིས་གཏན་ནས་བསྡུར་གཤིབ་བྱེད་མི་རུང་། རྒྱབ་སྣོན་གྱི་འཆར་གཞི་ངེས་ཅན་ཡོད་པའི་དམག་གི་ལས་འགུལ་ཟླ་ནས་ཟླ་དང་། ལོ་ནས་ལོ་ལ་མུ་མཐུད་ཐུབ་ལ། ཡང་ཉིན་ཤས་རྗེས་སུ་ལམ་སེང་ཕྱིར་འཐེན་ཡང་བྱེད་ཐུབ། འོན་ཀྱང་། མང་ཚོགས་ཀྱི་གཞི་ཁྱོན་ཆེ་བའི་ལས་འགུལ་ཞིག་བྱུང་དུས་དེ་ནི་མགོ་བ་རེ་གཉིས་ཤིག་གི་མངོན་འདོད་ལྟར་ལམ་སེང་སྤེལ་ཆོག་ཆོག་ཅིག་མིན་ལ། ལས་འགུལ་བྱུང་ཚར་དུས་ཕྱིར་འཐེན་ཆོག་པ་ཞིག་ཀྱང་མིན། མ་ཟད་ལས་འགུལ་འཇགས་ཚར་ན་སླར་མེ་ཁ་གསོ་རྒྱུ་ནི་དེ་བས་ཁག་པོ་རེད།

དེས་ན་ངའི་བསམ་ཚུལ་ལྟར་ན། ལས་འགུལ་འདི་བོད་ནང་ཟླ་གཅིག་ཙམ་རིང་ལ་རིམ་པ་འདྲ་མིན་ཐོག་མུ་མཐུད་ཐུབ་པ་ཞིག་དང་། དེ་ནས་སླར་ཡང་ཅུང་ཟད་མར་འཇགས་ཐུབ་པ་ཡིན་ན་བདག་གཞན་གཉིས་ལ་བསམ་བློ་གཏོང་རྒྱུ་དང་ངལ་གསོ་རྒྱག་རྒྱུའི་དུས་ཚོད་ཡོད། ཡང་མི་མང་པོ་ཞིག་གིས་བོད་ཀྱི་ལས་འགུལ་འདི་དང་བསྟུན་ནས་རྒྱ་ནག་ནང་འཚོགས་འཆར་གྱི་ཨོ་ལམ་པིག་ལུས་རྩལ་ཕྱིར་འཐེན་བྱེད་དགོས་ཚུལ་བཤད་མོད། ངས་རྒྱ་ནག་གི་ཨོ་ལིམ་པིག་འཚོགས་མིན་དང་བོད་དོན་གཉིས་ཐད་ཀར་འབྲེལ་བ་ཡོད་པ་ཞིག་མཐོང་གི་མི་འདུག ཡིན་ཡང་། ཨོ་རྩལ་སྐབས་བོད་དོན་དྲིལ་བསྒྲགས་ཀྱི་གོ་སྐབས་ཡིན་པ་གསལ་བོ་རེད། ངས་ནམ་རྒྱུན་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རྡུལ་ཕྲན་མཚོན་ཆ་ཡན་ཆད་བེད་སྤྱོད་གཏོང་དགོས་པ་རེད་ཅེས་ཁ་ཕོ་འཐེན་མྱོང་མོད། དེ་རིང་བརྙན་འཕྲིན་ནང་ལྷ་སར་བོད་རིགས་ངོ་རྒོལ་ཁྲོམ་སྐོར་བྱེད་མཁན་ཚོས་རྒྱ་མི་ཚོ་ལེབ་རྡུང་བྱེད་ཀྱིན་པ་མཐོང་དུས་སེམས་སུ་འཚེར་སྣང་ཞིག་ངང་གིས་སྐྱེ་ཡོང་གི་འདུག་ལ། ཡང་དཔར་རིས་ཤིག་གི་ངོས་ན་བོད་རིགས་ཕོ་གསར་ལག་པར་གྲི་རིང་འདོམ་པ་གང་ཁྱེར་ནས་འགྲོ་བཞིན་པ་མཐོང་དུས་ངའི་ཤ་གསེང་ལ་ཚ་ཚག་འདྲ་བོ་ཞིག་བསླངས་བྱུང་། ངས་འདི་ལྟར་བལྟས་ན་ད་ནི་བོད་མི་རིགས་འདི་དྲག་པའོ་གཡུལ་ལ་ཞུགས་རྒྱུའི་སེམས་ཚོར་རྦད་དེ་འགག་ཚར་བ་མིན་འགྲོ་བསམ་གི དེ་མ་གཏོགས་རྒྱ་དམར་གྱི་ལག་ནས་ང་དང་ངའི་མི་ཚང་གིས་མྱངས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན་ངའི་རྒྱུད་ན་རྒྱ་དམར་ལ་སྙིང་རྗེ་སྐྱེ་རྒྱུའི་རྒྱུ་མཚན་ཞིག་ཡོད་མི་སྲིད། ད་དུང་ངས་གསལ་བོར་དྲན་པ་ཞིག་ལ་སྔོན་ང་གཏེར་ལན་ཁར་བཙོན་ཁང་ནས་སྨན་བཅོས་བྱེད་སྐབས་ངས་ཕུ་བོ་སྙིང་དཀར་ཐར་ལ་ཁྱོས་ང་ལ་ལུག་གི་སྙིང་དང་། མིག་ཤ་སོགས་ཉོས་ནས་ཤོག ངས་སེམས་ཅན་གྱི་སྙིང་དང་མིག་ཤ་རྒྱ་མིའི་གློ་སྙིང་ཟས་པ་ཡིན་བསམ་ནས་ཟས་ན་ང་ཤི་སོང་ཡང་སྐྱིད་པོ་འདུག གལ་སྲིད་ང་ཤི་སོང་ན་ཁྱོས་ང་རྒྱ་མིས་བསད་པ་དེ་ཡིད་ལ་དམ་པོར་འཛིན་དགོས་ལ། རང་གི་བུ་ཕྲུག་རྣམས་ལའང་དེ་རིང་ངས་ཁྱེད་ལ་བཤད་པའི་སྐད་ཆ་ཅིས་ཀྱང་བཤད་དགོས་ཞེས་ཁོང་ལ་མངགས་ཆ་བྱས་མྱོང་། དེར་བསམ་བློ་ཞིག་བཏང་ན་ལོ་བཅུ་འདིའི་ནང་ཚུན་ལ་ང་འདི་ལྟར་འགྱུར་བ་ཕྱིན་འདུག་ལ། ངས་བོད་ནང་བོད་རིགས་ལས་འགུལ་བ་ཚོས་རྒྱ་རིགས་ཉམ་ཐག་པ་ཚོར་རུབ་རྡུང་བྱེད་ཀྱིན་པ་མཐོང་དུས་སྐྱིད་པོ་བྱུང་མ་སོང་། དེ་བས་ངས་འབྱུང་འགྱུར་བོད་ནང་ལས་འགུལ་སྤེལ་སྐབས་ཛ་དྲག་ཡིན་ལ་ཞི་བའང་ཡིན་དགོས་ལ། རྒྱ་དམར་གཞུང་ལ་ཡ་ལན་དུས་ཐོག་སློང་དགོས་པ་དང་། མི་སེར་རྣམས་ལ་དོན་མེད་ཉེས་རྡུང་མ་རག་པ་བསམ་བློ་གཏོང་དགོས་པ་གལ་ཆེན་དུ་མཐོང་། སྤྱིར་ཁྲིམས་མེད་ལུགས་མེད་བྱེད་མཁན་རྒྱ་དམར་གཞུང་ལ་མཚོན་ན་མི་གསོད་རྒྱུ་རྩྭ་མགོ་གཏུབས་པའི་ཚོར་བ་ཙམ་ལས་མེད་མོད། ང་ཚོས་ཁོ་པ་ཚོའི་ལད་མོ་འགྱོགས་ག་ལ་རུང་།

མཐའ་དོན། ངས་དེ་རིང་གསར་ལམ་ཁག་གི་གནས་ཚུལ་འདི་མཐོང་དུས་ལོ་དྲུག་བདུན་ཞིག་གི་གོང་དུ་བོད་ནང་དྲག་པོའི་ལས་འགུལ་སྤེལ་དགོས་པ་རེད་ཅེས་རྩོམ་ཡིག་ཅིག་སྤེལ་མྱོང་མོད། དེ་རིང་བསམ་བློ་བཏང་ཡོང་དུས་ཏག་ཏག་བསྡད་མེད་པ་འདྲ།
༢༠༠༨།༣།༡༦ མཚན་མོར། ཨི་ཊ་ལིའི་ Malpensa གནམ་ཐང་ནས། ཆུ་ཚོད་ ༡ དང་སྐར་མ་ ༡༩ ཐོག

འདོན་སྤེལ།: ༢༠༠༨/༡༠/༠༢
བསམ་འཆར་འདོན་པ།
ཟླ་བ་ཚེ་རིང་།
༢༠༠༨/༡༠/༠༢ ཉིན་འདོན་སྤེལ་བྱས། དེ་རིང་གྲོགས་པོ་༼ཀ༽དང་ཁ་པར་ནང་གླེང་མོལ་བྱས་པ་བརྒྱུད་ཁྱོད་ཡང་བསྐྱར་ཟིན་བྲིས་ནང་ཡོང་ཡོད་པ་ཤེས། ཟིན་བྲིས་འདི་ཞིབ་ཚགས་བྱས་ནས་ཐེངས་འགར་བཀླགས་ནའང་གངས་སྐྱིད་ཀྱི་༼བྲག་ཅ༽ཞིག་འཁོར་བཞིན་པའི་ཚོར་བ་ཞིག་ལས་སྔོན་མའི་ཁྱོད་ཀྱི་སྣང་བརྙན་དེ་རྙེད་མ་སོང་། ཁྱོད་རང་རྒས་བཞིན་པ་འདྲ། འོན་ཀྱང་འདི་ལྟར་རྒས་ན་ག་ལ་འགྲིག ཚུགས་ཀ་མེད་རུང་སྡོག་པ་ཞིག་བརྒྱག་ལོས་དགོས།
དགྲ་འདུལ།
༢༠༠༨/༡༠/༠༣ ཉིན་འདོན་སྤེལ་བྱས། ཀླུ་མཁར་བྱམས་ཀྱི་བླ་མུ་མཐུད་འཁྱམ་འདུག ད་ལོ་བོད་ནང་གི་ཡར་ལངས་བྱུང་མ་ཐག་ཀླུ་མཁར་བྱམས་ཀྱིས་ཁོ་རྒྱ་མི་རིགས་ལ་ཞེད་གི་འདུག་ཅེས་དུས་བབ་གསར་ཤོག་སྟེང་བཤད་འདུག འཛམ་གླིང་ཡོངས་ལ་བསྒྲགས་པ་རེད། ལུག་སྤང་ནས་བསད་ན་ར་བྲག་ནས་འདར་ཞེས་པའི་དཔེ་ལྟར་རེད། ད་ཅི་བྱ།
ཨ་རིག་འགྱུར་མེད།
༢༠༠༨/༡༠/༠༣ ཉིན་འདོན་སྤེལ་བྱས། ཡིག་ཐོག་ཏུ་བྲིས་ནས་ཡུན་རིང་འགོར་ཡོད་པ་འདྲ། ཡིན་ནའང་ད་བར་མ་སྤེལ་བའི་རྒྱུ་མཚན་ཅི་ཡིན་ནམ། གང་ལྟར་ཟིན་བྲིས་སུ་ཡང་བསྐྱར་ཕེབས་པར་དགའ་བསུ་ཡོད།
སྡོང་བུ།
༢༠༠༨/༡༠/༠༤ ཉིན་འདོན་སྤེལ་བྱས། གྲགས་རྒྱུ་མེད་མེད་ལ་ཅིག་བཤད་དུས་བླ་འཁྱམས་འདུག་ལ།སྤོབས་དགའ་བོ་ཡང་བོར་འདུག
འཇིགས་བྲལ་བསྟན་འཛིན།
༢༠༠༨/༡༠/༠༥ ཉིན་འདོན་སྤེལ་བྱས། གྲོགས་པོ་ཁྱོད་ཀྱི་ཟིན་བྲིས་ཀློག་འདོད་ཆེ་ཡང་དུས་ཚོད་ཀྱིས་དབང་གིས་བྱུང་མ་སོང་། ཡིན་ནའང་རེ་བ་གཅིག་ཞུ་རྒྱུ་ཡོད་པ་ནི། ཟིན་བྲིས་ཀྱི་སྐར་ཁུང་འདིར་མུ་མཐུད་ཕེབས་རོགས། མ་ཟད་ཡིག་ཐོག་ཏུ་གང་ཟིན་བྲིས་གནང་བ་རྣམས་མདོ་དབུས་ཁམས་གསུམ་གྱི་སྐྱེ་བོ་སུས་ཀློག་ཀྱང་དོན་མི་གོ་བའི་དཀའ་ངལ་མེད་པ་ཞིག་འབྲི་རོགས།
སྤྲེལ་ མེ་ཟླུམ།
༢༠༠༨/༡༠/༠༥ ཉིན་འདོན་སྤེལ་བྱས། གྲོགས་ལགས། དུས་བབ་ཟིན་བྲིས་སུ་ཞུགས་པར་དགའ་བསུ་ཞུ། ཐོག་མར་བརྗོད་འདོད་པ་ནི་རང་ཉིད་ཀྱིས་བསམ་ཚུལ་ཅི་ཞིག་བྲིས་ནའང་ཆོག གཞན་གྱི་བསམ་ཚུལ་ལ་བསམ་འཆར་བཏོན་ནའང་ཆོག གང་ལྟར་དོན་མེད་ཚིག་ཉོག་ཙམ་ལ་མགོ་མ་གཡེང་བར་གནས་ལུགས་དང་རྒྱུ་མཚན་ཡོད་པའི་སྐད་ཆ་རེ་བཤད་པའི་རེ་བ་ཡོད། འདི་ནི་ངས་དུས་བབ་ཟིན་བྲིས་པ་དང་དྲར་ཞུགས་ཀློག་པ་བོ་ཡོངས་ལ་ཐུན་་མོང་དུ་འབོད་ཀྱིན་པའི་རེ་བ་ཡིན།

ཁོ་བ །

ཁོ་བོ་ཨ་མའི་ཨོ་ལོའི་སྐབས་སུ་ངའི་གཅེས་ཕྲུག་གནམ་གྱིས་སྲུང་རྒྱུ་བོ་ཞེས་ཁ་གཡང་སྨོན་ཚིག་རྐྱང་གིས་གཉོར་ན་མོད། སྟབས་མ་ལེགས་པར་ལོ་བཅུ་གཅིག་སྟེང་མ་གཡར་ཚེ་ལས་འདས་པ་ནས་བཟུང་དྭ་ཕྲུག་མ་ཡིན་པའི་དྭ་ཕྲུག་གི་ཚོར་བར་གདོང་ལེན་བྱས། དེ་ནས་བཟུང་ངའི་རྣ་ལྟག་ནས་ཁ་མི་སོས་རྒྱུ་བོ། དོན་མི་འགྲུབ་རྒྱུ་བོ། ཚེ་འཆད་རྒྱུ་བོ། ལ་སོགས་པའི་དམོད་ཚིག་འཇགས་མ་མྱོང་ལ། རིམ་པས་ང་ལོ་ན་སོན་པ་དང་ཆབས་ཅིག ངའི་རྣ་ལྟག་གི་དམོད་ཚིག་ཀྱང་ནར་སོན་ནས། གསར་བརྗེ་ངོ་ལོག་པ། ཆོས་ཀྱི་ལྟ་ལོག་པ། རྒྱ་གར་ནག་གི་སོ་བ། རྒྱལ་ཁབ་ཁ་བྲལ་བ། སོགས་དོ་བདག་གི་ཤེས་འཇོན་ལས་བརྒལ་བའི་ཐ་སྙད་རྐྱང་རྐྱང་གི་ངོ་བོར་འཕེལ་ཡོད། དེ་ལྟར་ཡང་ང་ལ་དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་ཁོག་འདི་ལོངས་སུ་སྤྱོད་རྒྱུའི་སྐལ་བ་ཐོབ་པ་ནས་བགྲང་བྱ་སུམ་ཅུ་ཁད་ཀྱིས་རྫོགས་སོང་མོད། དུས་ཡུན་འདིའིི་ནང་ངས་སྤྱི་ཚོགས་ཀྱི་གཏུམ་སྤྱོད་ཆེ་སར་འཇམ་མཉེན་ཚེ་སྲོག་གིས་རྒོལ་བ་བརྩམས་ཁུལ་ཡང་། དེ་རིང་ཁོ་བོ་འདི་ན་འདི་ལྟར་གསོན་པོར་གནས་པ་འདི་སུ་ཞིག་གི་ངོ་ཚ་ཡིན་ཞེས་བཤད་ནའང་མ་ཆོག་པ་མེད་ལ། ཡང་གཅིག་བྱས་ན། མི་མངོན་པའི་དབྱིངས་ན་ཨ་མས་ངའི་རྗེས་སུ་གནམ་གྱིས་སྲུང་རྒྱུ་བོ་ཞེས་ད་དུང་སྨོན་ཚིག་སྐྱོར་བསྡད་ཡོད་པའི་བཀའ་དྲིན་ལོས་ཡིན། སྐད་ཆ་དྲང་མོར་བཤད་ན། འུ་ཚང་དང་། སྡེ་ཚང་གི་ཐབས་མཁས་ཐུགས་རྗེ་ཅན་ཚོས་ཁོ་བོ་ཞིང་གཞན་ལ་བསྒྲད་མེད་པ་དེ་ནི་ངས་སྤྱི་ཚོགས་འདིའི་མུན་པ་མཐུག་སར་རྣག་ཐོག་གཙེག་འཁེལ་གྱི་སྦྱོར་བ་ནན་པོ་ཞིག་རྩོམ་མ་ཐུབ་པ་ལས། སྤྱི་ཚོགས་རང་སྟེང་ནས་གུ་ཡངས་དཀྱེལ་ཆེ་ཡི་ལམ་ཁ་ཞིག་ལ་ཕྱོགས་སོང་བ་གཏན་ནས་མ་རེད། རང་སེམས་རང་ལ་ལྐོག་ཏུ་མ་གྱུར་པས་ན། མི་ང་འདི་ཡང་གཞན་གྱི་ས་ནས་རྒྱུ་དངོས་གང་ཞིག་ཚེགས་མེད་ངང་རག་ན་ཁེ་བཟང་ཐོབ་སོང་རློམ་མཁན་གྲས་ཡིན་མོད། ད་ཆ་ས་མཐའ་ནས་མི་ཚེའི་ཕྱེད་ཀ་ཕྱིན་པའི་མྱོང་རྒྱུས་ལ་བསྡོམས་བརྒྱབས་ཡོང་དུས། མི་གཞན་པར་རང་གིས་ཅིག་སྤྲོད་བྱུང་ན་དེའང་ཁེ་བཟང་རེད་སྙམ་པའི་ཚོར་བ་ཐན་ཐུན་རེ་རྟག་པར་སྐྱེས་ཀྱིན་འདུག བྱས་ཙ་ན་ཆོས་མེད་དགེ་མེད་ཀྱི་སྦྲང་འཁྱམས་པར་རིགས་མཐུན་ཚོགས་ལ་མཁོ་བའི་གསོལ་རས་གྱ་ནོམ་པ་ཞིག་འབུལ་རྒྱུ་མེད་མོད། སྐལ་མཉམ་གྱི་དྲ་གྲོགས་ཚོར་ཡོད་ཚད་ཀྱི་ཡོད་ཚད་འཇོག་རྩིས་ཡིན་ལ། དེའི་ཕྱིར་ངའི་པོད་ཁུག་ནང་ཕེབས་པའི་སྐུ་མགྲོན་རྣམས་པར་འདི་ན་མཁོ་ནི་རེ་ཡོད་ན་བཞེས་རྐྱང་དང་། མི་དགོས་པ་རྣམས་གཡུག་རྐྱང་གནང་རོགས།