2009年6月29日星期一

སྲིན་པོ་སྦུག་དང༌ཏང་རྒྱ་སྦུག

སྲིན་པོ་སྦུག་དང༌ཏང་རྒྱ་སྦུག1 ༼ ཚན་པ་དང་པོ ༽

•རུལ་སུངས་གྲལ་གྱི་རུས་པ་ཅན་པོ་ཀླུ་ཁང་པ་ཚང་རླུང་རྟས་གསོལ།།•
•ཕམ་ཁའི་ཁྲོད་ནས་མགོ་ཅིག་འབུར་མཁན་ཨ་འབྲུག་སྤྱིན་བདག་ཁ་ལས་བསྟོད།།•
•བྱས་པ་ཅན་ལ་ཡི་རངས་ཐུབ་པའི་སྤྱིན་པ་རྒྱ་མཚོར་རྗེས་སུ་རངས།།•
•ཆོལ་གསུམ་ཕོ་ལྷའི་དགྲ་བླ་གསུམ་པོས་སྡེ་མཐའི་འཁྱམས་པོ་བྱ་ར་མཛོད།།•


•ཡངས་ས་སྟོད་2ཀྱི་ཞོགས་རླུང་འཇམ་པོས་ལྗོངས་རྒྱུ་བ་ལ་བསུ་བ་བྱེད།།•
•ཐོད་ལ་བུད་ནས་ཀི་ཞིག་བཏབ་པས་ལུས་དང་ངག་གི་ཉོབ་སྣང་སངས།།•
•ཤར་ནས་བཞུད་པའི་སྤྲིན་པ་གན་གིས་སེམས་དང་བསམ་པ་བོད་ལ་འཁྲིད།།•
•ཉི་ཟེར་འོག་ན་འདབས་ཆགས་ཚོགས་ཀྱིས་རིགས་མཐུན་དགྱེས་པའི་ལ་གླུ་ལེན།།•
• • ཉ་ཡི་མཇུག་མའི3གངས་རིའི་རྩེ་མོ་སྤྲིན་པའི་ཐོག་ན་སྤྲིན་ལྡར་འཕགས།།•
•ཨ་ན་པོ་ནའི4རི་ཚོགས་དཔུང་གིས་གོང་ནས་ཐུར་ལ་འགྱིང་ཉམས་སྟོན།།•
•རི་མ་ཤོད་ཀྱི་ཐར་ཐོར་གྲོང་ཚོ་སཻར་ལྗང་སྤང་ལ་ཕྲ་རུ་བརྒྱན།།•
•ཕུན་ཚོགས་སྡེ་བཞིའི་ཁོ་ར་ཁོར་ཡུག་ལན་གཅིག་མཐོང་བ་མིག་གི་དཔྱིད།།•
• • ས་འདིར་ས་བསྟོད་ཆུ་བསྟོད་མི་མཛའ་བསྟོད་མ་ཤེས་ན་འཚང་གི་རྒྱུ།།•
•ལྗོངས་འདིའི་བཀོད་པ་རི་མོར་མི་འབྲི་འདི་གོ་རང་བྱུང་རི་མོར་གནས།།•
•རབ་བཏགས་སྒྱུ་མའི་རྩལ་ལས་འགོང་བ་རབ་ཀྱིས་བཏགས་པའི་ལྡེབ་རིས་ངོར།།•
•ཤོར་པོ་ཚང་ལ་གནས་ཚང་གཡར་བ་ལས་ངན་ནང་གི་ལས་ཅན་རེད།།•
• • ཀན་ཊ་གཙང་5པོ་གང་ནས་ཡོང་མིན་ཕུག་གི་གྲོང་པར་གསལ་ཆ་ཆེ།།•
•རྟ་མང་ཀུ་རོང་ཕ་ཚན་དེད་ན་བྷོ་ཊའི་རུས་མཛོད་ཁུངས་ལ་ཐུག།•
•སྣ་ལེབ་གདོང་ཉག་རིགས་རྒྱུད་འདི་དག་ཕན་ཚུན་འབྲེལ་འདྲེས་ཟབ་ན་མོད།།•
•ད་སྐབས་ཤོར་པོས་འདི་ལྟར་མི་བཤད་ལོ་རྒྱུས་འཁྲབ་པའི་སྤྲེལ་ལད་ཙམ།།•
• • སྟོང་སེམས་འཚོལ་བའི་འཁྱམས་པོའི་གོམ་ཁ་འདི་ནས་ད་དུང་ཕུག་ལ་ཕྱོགས།།•
•ཡ་ཀིའི་གངས་ཀྱི་སྲིབ་འཁྱགས་ཤིག་ན་སྒར་ཞིག་འཐོར་བའི་མཚེར་ཤུལ་ཡོད།།•
•དེ་རུ་ཕུགས་བསམ་རྡོ་ལ་འཐིམས་པའི་དཔའ་རྒོད་འགའ་ཡི་རྣམ་ཤེས་ཀྱིས།།•
•ང་ལ་གདན་ཞུའི་མགྲོན་ཤོག་འབྱོར་ཡོད་ཅིས་ཀྱང་གནས་དེར་སླེབས་པ་དགོས།།•
• • རྒྱ་རྡོ་དབང་འདུས་6བྲག་ལ་རྡེབ་ས་ཡ་ཀིའི་རྫ་རིའི་སྲིབ་ཁོངས་སང་ཤིག།•
•ལྷ་མོ་ཚེ་རིང་7གསོན་བཟུང་བྱེད་ས་མ་ཀིའི་ལྕགས་ར་སྨུག་པོའི་ནང༌།།•
•འབའ་བ་ཡེ་ཤེས་8 མཚན་ལ་འབྲོ་ས་མདུན་གྱི་ལུང་ཤུར་དོག་མོ་གན།།•
•ཡུགས་མོའི་གཞིས་སྒར་ཐོག་མ་ཆགས་ས་དེ་རིང་ཁོ་བོའི་གནས་ཚང་འདི།།•
• • ལོ་མགོར་ཤ་ཆང་རི་ལྟར་བརྩིགས་ས་རྒྱག་རབས་བཤད་ན་ཞེན་ཁ་ལངས།།•
•ལོ་མཇུག་ཀོ་གྱོང་མཆུ་མའི་མིད་ས་ལྟོག་རབས་བཤད་ན་ཡི་རེ་མུག།•
•ཚེ་སྟོད་རྩིས་ནོར་རུམ་གང་ཁྱེར་ནས་རེ་བའི་གོམ་ཁ་རི་ལ་གཏད།།•
•ཚེ་སྨད་རང་སྐྱོན་གཞན་མགོར་གཡོག་ས་སྲིད་པའི་གཏམ་ངན་བོད་ལ་བཞག།•
• • དཀའ་ངལ་ཁྲོད་ནས་སྡེར་བཞི་མ་འཁུམས་སེང་ཕྲུག་དར་མ་མཆོང་སའི་གནས།།•
•གནད་འགག་སྐབས་ལ་ནང་གསང་མ་ཚོག་གཡོ་ཅན་ཝ་མོ་འདུར་སའི་ཤུལ།།•
•གོད་ཆག་བཙན་པོས་མཉམ་དུ་བསྡུས་པའི་ཆོལ་གསུམ་སྟག་སེང་དར་མའི་དཔུང༌།།•
•འཛོམས་སྟངས་གོ་ན་ཉམས་རེ་དགའ་ལ་འཐོར་སྟངས་ཐོས་ན་ཞེ་རེ་ཁྲེལ།།•
• • མཚན་མོར་སྐར་མའི་ས་ཁྲ་བཟོས་ཏེ་འཇབ་དམག་དཔུང་ཁ་བོད་ལ་དྲངས།།•
•ཕྱིར་ལམ་སྐྱ་རེངས་ཐོད་ལ་བཟུང་སྟེ་རྫ་བྲག་གསེབ་ནས་ཁྱི་ར་བཀྱེས།།•
•བྱས་པ་ཅན་ལ་དཔའ་དར་འཐེན་སྐབས་ཕུག་གི་ཡུལ་ལྷས་ལྷ་རྒྱལ་འཐེན།།•
•ནོངས་པ་ཅན་ལ་འགྱོད་ཆེན་ཕབ་སྐབས་འདབས་གྱི་ཆུ་མོ་མིག་ཆུ་འཆོར།།•
• • སྲོག་ལས་གཅེས་བའི་ཁྲ་རིང་བོའུ་ལོ་ལྷོ་མོན་འགག་ནས་མ་ཐར་མོད།།•
•ཨ་རོགས་ཁམས་པའི་བདེ་བའི་རྡོ་རྗེ་གནམ་ཀྱིས་སྲུང་ནས་ཐར་ཡོད་སྟབས།།•
•ཕ་མིང་མ་ལ་གསལ་ཆ་མེད་པའི་གློ་ཕྲུག་རི་ན་ཐ་ར་ར།།•
•ཡུལ་མིའི་ཆུང་མ་ཧྲག་འདྲུད་བྱས་པའི་ཁ་རྒྱུན་སྡེ་བ་འུ་རུ་རུ།།•
• • གཟབ་འཕྱོར་སྤྲས་ནས་བོའུ་ཁར་འབུད་པའི་དཔའ་བོས་གླེན་རྟགས་བསྒྱུུར་རུང་ཡིན།།•
•ཤིང་མདའི་ཚབ་ལ་མེ་མདའ་རག་ཏེ་དངོས་གཞིས་གཡུལ་སར་སླེབས་རུང་ཡིན།།•
•འུར་ཟིང་ཁྲོད་ཀྱི་ལོ་ངོ་འདི་ཚོ་འགོ་འཛུགས་མཇུག་བསྡོམས་འུར་གྱིས་བརྒྱངས།།•
•གཡུལ་གྱི་རྟིང་ཐག་མ་ཆོད་གོང་ལ་ཕ་སྤུན་ནང་འཁྲུག་དགུང་དུ་མཆེད།།•
• • ཕ་ས་སྨུག་པོ་དགྲ་ལ་ཤོར་བའི་གྱོང་གུད་འདོམ་མ་མ་འཇལ་གོང༌།།•
•ས་མཐའ་ཞིག་ནས་རྭོའུ་པེས་འགའ་ཡི་རྩིས་རྙོག་སྒང་ལ་ཞིབ་པ་ལ།།•
•གནས་མོའི་བཞིན་གྱི་གནམ་གཤིས་འགྱུར་བར་རིག་པ་སྒྲིམ་ནས་མ་གསན་པར།།•
•ཏང་རྒྱ་སྤུག་ནས་སྲིན་པོ་སྤུག་ལ་སོ་ཉུལ་གཏོང་ན་གྲུང་བ་ལ།།•
• • གྲང་དུས་ལྟོག་དུས་མཐོང་སར་མེད་པའི་སྡེ་བ་གཞུང་གི་མི་འགའ་སླེབས།།•
•གོ་ལག་གོར་ཥར་རྩིས་འབུལ་དགོས་པའི་གོ་ནོར་འདྲ་བའི་བཀའ་ཤོག་བསྒྲགས།།•
•མགོ་འབུལ་པུས་བཙུག་སྡར་མའི་ཆོ་ག་དཔའ་བོ་སྙིང་གི་ཚེར་མར་གྱུར།།•
•དེ་བས་ལེབ་ཆེན་སྤུ་གྲིས་སོ་ཁ་རང་སྲོག་གཅོད་པའི་གཤེད་ལ་སྒྱུར།།•
• • ཉི་མ་ལྷ་ས་གཟའ་ཡིས་བཟུང་ཏེ་འུ་ཚང་དུས་ལོག་དང་པོ་བྱུང༌།།•
•ཆུ་སྒང་གོ་ལག་མོན་ནས་ཤོར་བས་དཔའ་བོའི་དཔུང་གི་ལག་མགོ་བཅད།།•
•ལྷོ་མོན་ཐང་གི་གློ་སྒྲིག་གཏོར་བ་རེ་བའི་སྒང་ལ་ཆུ་འཁྱགས་བླུག།•
•དུས་ལོག་གསུམ་ཀྱི་བྲོས་ཤོར་མ་ཚོ་རི་བྲག་མཚམས་ནས་ཤོད་ལ་དེད།།•
• • དགྲ་བླ་ཝེར་མའི་བཙན་ཁ་འབར་བའི་འཁོར་གསུམ་གོར་ཥའི་མཛོད་ལ་བསྡུས།།•
•མཚོན་སྲུང་དུག་སྨན་མཉམ་པོར་འཇུག་སའི་འགུ་ཆུང་མགར་བའི་ཁོལ་ཁར་བསྐྱལ།།•
•ཁ་ལས་རྒུད་པའི་གོམ་ཁ་འཁྱར་འཁྱོར་ངོ་སོ་མེད་པའི་གཡོག་ལས་འདུར།།•
•གྱོང་གི་ཁུར་པོ་འགྱོད་གྱིས་བསྡམས་ཏེ་ཚེ་མཇུག་རྒན་གསོ་ཁང་ལ་བརྫངས།།•
• • བརྒྱ་ཕྲག་དཔུང་གི་རུ་འདྲེན་པ་ཚོས་མ་ཆེན་གད་པའི་སྡུག་དམོད་འགམས།།•
•འཁོར་གསུམ་ཐོག་པའི་ཨ་མའི་བུ་དང་ཕྱག་མ་ཁྱེར་བའི་མུ་ཏོ་བ།།•
•དེ་ན་ཆེ་མཐོང་འདྲ་འདྲ་ཡིན་པ་དཔའ་བོས་མནར་གཅོད་འཕར་མ་ཞིག།•
•ལེག་ཉེས་འབྱེད་པའི་འཇིག་རྟེན་རྒྱ་མའི་དྭངས་ཀ་དེ་ན་འདི་ལྟར་འགག།•
• • མིག་འབྲས་ལྷ་ལ་གཅེར་གཅེར་ཉིས་ཀའི་ལྷ་སྐུ་ཉོབ་ནས་ཁྲོ་གཉེར་སྟོན།།•
•རྣ་བ་རཱེ་ཀྲོར(Radio)སྦྱར་སྦྱར་ཉིས་ཀས་རེའ་ཀྲོར་སུན་ནས་སྐད་ངན་འབྱིན།།•
•གོ་ནོར་ཐེབས་པའི་མི་ཡུལ་འདི་ནས་དྲི་བ་དྲིས་ལན་མཉམ་པོར་འགག།•
•མགོ་མཇུག་མེད་པའི་ཚོར་བ་སྐྱེན་པོའི་ཕངས་སེམས་སྤྲོ་སེམས་རྩ་ནས་ཆད།།•
• • སྟག་ཤར་དར་མའི་སྐྱེས་རབས་མ་བཤད་སྐྱེས་རབས་བཤད་ན་རྒས་རབས་ཡིན།།•
•སྨན་ཤར་བུ་མོས་དུང་རབས་མ་བཤད་དུང་རབས་བཤད་ན་འཁོན་རབས་ཡིན།།•
•བྱས་པས་ལས་ཀྱི་ལེགས་ཉེས་མ་གླེང་ལེགས་རབས་བཤད་ན་ཉེས་རབས་ཡིན།།•
•དགེ་སྡུག་རོ་བཅུད་ཉམས་པའི་གནས་དེར་དཔའ་དང་སྡར་མ་དབྱེ་མཚམས་ཆད།།•
• • ཚེ་སྟོད་དགྲ་མགོ་རྡོག་པའི་བརྫིས་སྐབས་འཁོར་གསུམ་ཐོག་པའི་སྟག་ཤར་སྐྱིད།།•
•ཚེ་སྨད་བསད་གྲངས་ཁོག་རྩིས་བརྒྱབས་ཞོར་རྒས་ཆོས་སྒྲུབ་པའི་རྒན་འཁོག་སྐྱོ།།•
•ཁྲབ་རྨོག་སྟེང་ལ་གཟན་ཤམ་གྱོན་པའི་ཐོ་ཡོར་གཟུགས་པོར་དགོད་རེ་བྲོ།།•
•སྔ་དགོང་སེམས་ཀྱི་འགྱུར་ལྡོག་འདི་ཡིས་སེམས་པའི་གཤིས་ལ་ངུ་རེ་བྲོ།།•
• • རྒན་གསོ་ཁང་གི་རྣམ་པ་འདི་ཡིས་བུ་གསོ་ཁང་ལ་དཔེ་ཞིག་སྟོན།།•
•ཁ་སང་དཔའ་བའི་བཞུད་ལམ་མཐོང་ན་སང་ཉིད་དཔའ་བོར་དཀྲོགས་ཅིག་སློངས།།•
•ཉི་མའི་བུ་རྒྱུད་གཤེགས་པའི་ཤུལ་དུ་སྲིན་བྱའི་ཚོགས་ལ་ནམ་མཁའ་ལངས།།•
•བཙན་རྒོལ་རྒྱལ་སྐྱོབས་དུར་བྱང་ཁུར་བའི་ར་བཟི་ཡོད་ན་དངས་རན་རེད།།

•སྐྱོ་གར་འདི་ཡི་ཟློས་པ་འཁྲབ་པའི་ཟློས་བརྗོད་གར་གྱིས་མི་ཉུང་གི།•
སྣ་ཚོགས་ཡིག་རིགས་དེབ་གཟུགས་ངོས་སུ་སྒྲུང་འདིའི་སྒྲུང་དཔེ་མང་ཚོད་རེད།།•
འོན་ཏེ་ཕྱོགས་ཀྱི་ཞེན་པ་དང་ནི་རྒྱུས་མེད་རྒྱུས་གཏམ་ཁ་ཤུགས་ལས།།•
དོན་གྱི་གཟེར་དམིག་ནོན་པའི་ཚིག་ཅིག་བཤད་མཁན་ད་རུང་མི་མང་གི།

•འབའ་བ་ཡེ་ཤེས་ལྡི་ལིར་སྐུང་དོན་ལྷ་ཚོགས་འཁོར་གྱི་ནང་མོལ་གཅིག།•སྒྲོལ་མ་རྒྱལ་གྱི་གསོན་སྤག་བཤུ་མཁན་འདྲེ་ཚོགས་རྒྱབ་གྱི་བཀོལ་པ་གཉིས།།•གོར་མཛོད་ནང་ལ་འདྲེ་ལག་རྐྱང་མཁན་འགོང་བོའི་ནང་གི་སྐེ་རིང་གསུམ།།•ལྟས་ངན་རྣམས་གསུམ་ཕྱི་ལ་འགྱར་ན་ཕྱི་རབས་གཏམ་གི་རྫོབ་པོ་རེད།།

•ཁམས་པ་ཀེམ་ཀྱི་མཆོད་ཁྲིའི་སྟེང་དུ་འབའ་བ་ཡེ་ཤེས་ལྷ་ནས་བྱོན།།•ཨམ་ཕྲུག་འགའ་ཡི་སྨྱུག་གུའི་ཁ་ན་ལྷ་ཚེ་ཙོང་ཁའི་སྐར་མར་འཁྲུངས།།•རྒས་འཁོག་རེ་གཉིས་འཕྲེང་རྡོག་བར་ནས་དབང་འདུས་བཀུམས་པའི་དུས་དྲན་སྲུང༌།།•ཁོ་བོས་གཉན་པོ་གསང་བའི་གསེབ་ནས་ཡང་གསང་བདེན་པའི་གཏམ་ཞིག་བཙལ།།

•ད་ཐེངས་དགུན་གྱི་ཕྱོགས་བསྐྱོད་གོམ་ཁ་དགུན་གྱིས་བསྡམས་སོང་ཕྱིར་ལ་ལོག།•དོ་དགོང་དགུན་གྱི་སྙན་ངག་སྨྱུག་ཁ་དགུན་གྱིས་འཁུམས་སོང་རུམ་ལ་འཇུག།•འོན་ཏེ་དཔའ་བོའི་མཛད་པའི་རྗེས་ལ་ཉམས་པ་མེད་ལ་འགག་པ་མེད།།•འོན་ཏེ་སྡར་མ་བྲོས་པའི་རྐང་རྗེས་སུབ་རྒྱུ་མེད་ལ་འདག་རྒྱུ་མེད།།

•སྐྱིད་ལ་སྡུག་པའི་གློ་མོན་ཐང་ནས་སླར་ཡང་ཁ་ཞིག་ཟིན་རྒྱུ་ན།།•ངུ་མ་དགོད་ཀྱི་མཚར་གཏམ་འདི་ཚོ་རྒན་གསོ་ཁང་ནས་བྲིན་རྒྱུ་ན།།•ཕྱི་རབས་པ་ལ་དཔྱད་གཞིར་འོས་པའི་སྒྲུང་གི་སྒྲོམ་ཞིག་འབྲི་རྒྱུ་ན།།•དཔའ་བོས་རྟོགས་པ་གཏམ་ཀྱིས་བརྗོད་པའི་སྐྱོ་གླུ་ཐན་ཐུན་ལོན་རྒྱུ་ན།།

2007/ 12/ 15 ཡངས་ས་འཕེལ་རྒྱས་གླིང་ནས་མ་བཏབ།
12/ 25 ལ་ཀ་ཐ་མན་ཊོའི་གཡག་མགྲོན་ཁང་ནས་སླར་བཤུ་བྱས།


༡ སྲིན་པོ་སྤུག་ནི་གློ་སྒྲིག་གི་ཐོག་མའི་དམག་སྤྱི་བཀོད་འདོམ་ཁང་ཡིན། ཏང་རྒྱ་སྤུག་རྗེས་སུ་དམག་སྤྱི་བཀོད་འདོམ་ཁང་གསར་བ་རེད།
༢ བལ་ཡུལ་སྤོག་རའི་ཁ་སྟོད་ཀྱི་ལུང་གཤོངས་ཤིག
༣ ཉ་ཡི་མཇུག་མ་ནི་ཡུལ་མིའི་སྐད་ལམ་ཙར་པོ་ཙར་ཟེརགངས་རི་ཞིག་གི་མིང༌།
༤ ཨ་ན་པོ་ན་ནི་ཡུལ་མིས་སྐད་ལ་གངས་རིའི་རི་རྒྱུད་ཞིག
༥ ཀན་ཊ་གཙང་པོ་ལ་བོད་པས་གཙང་པོ་དཀར་པོ་ཟེར།
༦ རྒྱ་རྡོ་དབང་འདུས་གློ་སྒྲིག་འཐོར་སྐབས་ཀྱི་དམག་སྤྱི་ཡིན།
༧ ལྷ་མོ་ཚེ་རིང་དབང་འདུག་དམག་སྤྱི་ཡིན་པའི་སྐབས་ཁོང་གི་ལས་རོགས་རེད།
༨ འབའ་བ་ཡེ་ཤེས་གློ་སྒྲིག་འཛུགས་སྐབས་ཀྱི་དམག་སྤྱི་ཡིན།

没有评论:

发表评论